ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་ས་གྲོང་ཁྱེར་གྱིས་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་མཐའ་འཁྱོངས་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2014ལོའི་ཟླ་10པར། ལྷ་ས་སྐྱིད་ཆུའི་ཆུ་རགས་ཨང་3པར་བདེ་བླག་ངང་ཆུ་བསགས་ནས་ལྷ་ས་སྐྱིད་ཆུའི་ཆུ་རྒྱུན་གཏན་གྱི་སྐབས་སམ་ཡང་ན་ཆུ་དཀོན་པའི་དུས་སུ་ཆུ་སྒོ་ཚོད་འཛིན་བྱས་པ་བརྒྱུད། ལྷ་སར་ཆ་སྙོམས་ཆུའི་གཏིང་ཚད་སྨི་2.5ཟིན་པ་དང་། ཆ་སྙོམས་ཆུ་ངོས་ཀྱི་ཞེང་ཚད་སྨི་300ལྷག་ཙམ་ཟིན་པ། ཆུ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི་105ལྷག་ཙམ་བཅས་ཟིན་པའི་མིས་བཟོས་མཚེའུ་ཞིག་གསར་དུ་བསྐྲུན་ཡོད། མིས་བཟོས་མཚེའུ་ཡིས་གྲོང་ཁྱེར་གྱི་མཁའ་རླུང་ནང་གསོ་རླུང་འདུས་ཚད་དང་བརླན་གཤེར་ལྡན་ཚད་མང་དུ་བཏང་བ་མ་ཟད། ད་དུང་གྲོང་ཁྱེར་གྱི་ས་འོག་ཆུའི་ཆུ་ཁ་ཡང་མཐོ་རུ་གཏོང་ཐུབ་པས་སྐྱེ་ཁམས་ཀྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཧ་ཅང་ཆེན་པོ་ལྡན་ཡོད།

སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་ཞིང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་བརྒྱུད་རིམ་ནང་། ལྷ་ས་གྲོང་ཁྱེར་གྱིས་རྒྱུན་མཐུད་ཤུགས་འདོན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་ནན་ཤོས་ལག་བསྟར་དང་། རི་ཆུ་ནགས་ཞིང་མཚོ་དང་རྩྭ་ཐང་བྱེ་ཐང་འཁྱགས་རོམ་བཅས་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་མཐའ་འཁྱོངས་བྱས་ཏེ། “སྔོ་ལྗང་གིས་གྲོང་ཁྱེར་བསྐོར་བ”དང་། གྲོང་ཁྱེར་གྱི་ཆུ་ལག་སྒྱུར་བཀོད། ལྷ་ས་སྐྱིད་ཆུ་སྲུང་སྐྱོང་སོགས་སྐྱེ་ཁམས་ལས་གྲྭ་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་པ་སོགས། བྱེད་ཐབས་རེ་རེ་བཞིན་དོན་འཁྱོལ་བྱས་པ་དང་བསྟུན་ནས། ལྷ་སའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལས་དོན་ཡང་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་པ་དང་སྐྱེ་ཁམས་བཟང་པོ་ཡོད་པས་གྲོང་མི་མང་ཚོགས་ཚོའི་ཐོབ་སྣང་དང་སྐྱིད་སྣང་དེ་བས་ཆེ་རུ་སོང་ཡོད།

ལོ་བཅུའི་གོང་ལྷ་སའི་ལྷོ་རི་ནི་ས་རྒྱུ་ཞན་པ་དང་བྲག་རྡོ་མང་བའི་རི་རྒོད་ཅིག་ཡིན་པས་གྲོང་ཁྱེར་ཡོངས་ཀྱི་ལྗང་མདོག་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི“འཇུར་མིག”ཅིག་ཏུ་གྱུར་ཡོད། “ལྷ་ཤིང་ཤུག་པ་བྲག་ལ་ཚུགས་པ་ལྟར། བྲག་རྡོའི་ཁྲོད་དུ་རྩ་བ་བརྟན་པོ་བཙུགས”ཞེས་པ་ལྟར་འགྲན་སློང་གི་མདུན་དུ་ལྷ་ས་གྲོང་ཁྱེར་གྱིས་ལག་རྩལ་གྱི་དཀའ་གནད་ཁྱད་བསད་བྱས་ཏེ་ལྷོ་རིའི་ཤིང་འཛུགས་ནགས་བཟོའི་འདུ་འགོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཞིང་། 2018ལོར་ལྷོ་རིའི་ནགས་བཟོ་སྔོ་འགྱུར་གྱི་ཚོད་ལྟའི་ལས་དོན་ལེགས་གྲུབ་བྱུང་བའི་རྨང་གཞིའི་ཐོག་ལྷ་ས་གྲོང་ཁྱེར་གྱིས་སླར་ཡང་བྱང་རིའི་ནགས་བཟོའི་རྣམ་གྲངས་ལག་བསྟར་བྱས་ཏེ་སྡོང་ཕྲུག་སྣ་ཁ་31དང་སྡོང་རྐང་64959བཏབ་པ་དང་གསོན་ཚད་95%ཡན་ཟིན་ཡོད།

ལོ་ཤས་འབད་བརྩོན་བྱས་པ་བརྒྱུད། ལྷོ་རི་དང་བྱང་རིར་ཁྱོན་ནགས་བཟོ་མུའུ་7640.9བྱས་ནས་ལྗོངས་ཡོངས་ཀྱི་སྔོན་ལ་ས་བབ་མཐོ་ཚད་སྨི་3900ཡན་དང་ཐན་ཁུལ་དང་ཕྱེད་ཐན་ཁུལ་གྱི་རི་ཁུལ་དུ་མི་ཐབས་ནགས་བཟོ་བྱེད་མི་ཐུབ་པའི་དཀའ་གནད་ཐད་ཚད་བརྒལ་བྱུང་ཡོད།

ལྷ་ཀླུ་འདམ་ར་ནི་རྒྱལ་ནང་གི་ས་བབ་མཐོ་ཤོས་དང་རྒྱ་ཁྱོན་ཆེ་ཤོས་ཀྱི་གྲོང་ཁྱེར་གྱི་རང་བྱུང་འདམ་ར་ཞིག་ཡིན་པ་དང་སྲུང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་1220ཟིན་ཡོད། ཧ་ཅང་དཀོན་པའི་ས་མཐོའི་འདམ་རའི་སྐྱེ་དངོས་གཞི་རྒྱུའི་མཛོད་སྲུང་སྐྱོང་བྱེད་ཆེད། ལྷ་ས་གྲོང་ཁྱེར་གྱིས“སྐྱེ་ཁམས་སྲུང་སྐྱོང་གི་གྲུབ་འབྲས་གྲོང་མིས་མཉམ་སྤྱོད་བྱེད་པའི”སྐྱེ་ཁམས་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་གཏིང་ཟབ་བྱས་ཏེ། 2018ལོ་ནས་བཟུང་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་9ལྷག་ཙམ་བཏང་ནས་ལྷ་ཀླུ་འདམ་རའི་དུས་ཐེངས་གསུམ་པའི་སྲུང་སྐྱོང་འདུ་འགོད་ལག་བསྟར་བྱས་པ་དང་། ལྷ་ས་སྐྱིད་ཆུ་ནས་འདམ་རར་ཤར་གཏོང་ཐུབ་པའི་ཆུ་ཡུར་ཨ་མ་གསུམ་ཤར་གཏོང་བྱས་པ་མ་ཟད། ད་དུང་དུས་ཚིགས་རང་བཞིན་གྱི་རྒྱུག་ཆུ་སྟེ། བྱེ་རགས་ཀྱི་ཆུ་ལྷ་ཀླུ་འདམ་རར་དྲངས་པས་དྭངས་གཙང་ཆུ་ཁུངས་དེ་དག་གིས་འདམ་རར་ཆུ་གསབ་ཡོད་ལ་བྱེ་འགྱུར་དང་སྐམ་ཤས་ཆེ་བའི་ས་ཆ་ཡང་བརླན་པར་བྱས་ཡོད།

ད་ཆ་ལྷ་ཀླུ་འདམ་རའི་ཆུ་ཁོངས་ཀྱི་རྒྱ་ཁྱོན་གསུམ་ཆ་གཅིག་ཆེ་རུ་ཕྱིན་པ་དང་། རྒྱུན་གཏན་འཚོ་སྡོད་བྱེད་པའི་འདབ་ཆགས་རིགས་21དང་གྲངས་འབོར་7000ལྷག་ཙམ་ཡོད་པའི་ནང་ཁྲུང་ཁྲུང་སྐེ་ནག་དང་། ཁྲུང་ཁྲུང་མགོ་དམར། ཁྲུང་ཁྲུང་མགོ་ཁྲ་སོགས་ཚུད་པ་དང་། ལྷ་ཀླུ་འདམ་རའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་རྒྱུན་མཐུད་བེད་སྤྱོད་ཀྱི་རིན་ཐང་ཡང་འདོན་སྤེལ་ནུས་ལྡན་ཐུབ་ཡོད།

2016ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་གྱི་གཙང་པོ་དང་། ཆུ་བོ། མཚེའུ་བཅས་གཙོ་བོའི་ཆུ་སྤུས་ལེགས་པོ་རྒྱུན་འཁྱོངས་ཐུབ་ཅིང་། མཁའ་རླུང་གི་སྤུས་ཚད་ལེགས་ཚད་98%ཡན་རྒྱུན་འཁྱོངས་ཐུབ་ནས། རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར་168ཀྱི་ཁྲོད་སྔར་བཞིན་མདུན་གྲལ་དུ་སླེབས་པ་དང་། ས་བབ་མཐོ་ཚད་སྨི་4300མན་གྱི་གྲོང་ཚོ་དང་དུད་ཚང་ཚང་མར་ལྗོན་ཤིང་ཡོད་པར་བྱས་ཏེ་གྲོང་ཁུལ་སྔོ་ལྗང་ཅན་དུ་འགྱུར་ཚད་38.8%དང་། རྩྭ་ཐང་ལ་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་69.8% གྲོང་ཁྱེར་གྱི་བཙོག་ཆུ་གཙང་གསིང་བྱེད་ཚད་98.1% འཚོ་བའི་གད་སྙིགས་གཙང་སེལ་བྱེད་ཚད་100% ཆ་རྐྱེན་ཡོད་པའི་གྲོང་ཚོར་གསང་སྤྱོད་ཁྱབ་ཚད་85% གྲོང་ཁྱེར་དུ་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་ཁྱབ་ཚད་100%བཅས་ཟིན་ཡོད། 2020ལོའི་ཟླ་10པར་ལྷ་ས་གྲོང་ཁྱེར་ལ“རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར”གྱི་མཚན་སྙན་ཐོབ་པ་དེ་ནི་རྒྱལ་ཡོངས་སུ་གཟི་བརྗིད་མཚན་སྙན་དེ་ཐོབ་པའི་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཁག་དང་པོའི་གྲས་ཡིན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།