ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

སྟོབས་ཤུགས་གཅིག་ཏུ་བསྒྲིལ། སེམས་མཐུན་བླ་སྲོག་བཏོད།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྔར་ནས་ད་བར། བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ཏེ་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་གོང་འཕེལ་བཏང་བ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཟམ་མི་ཆད་པར་བསྐངས་པས། མི་རིགས་མཐུན་སྒྲིལ་དང་ཡར་ཐོན་གྱི་བྱ་གཞག་འཕེལ་རྒྱས་མྱུར་པོ་བྱུང་བ་དང་། མི་རིགས་ཁག་གི་མི་དམངས་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཀྱི་རྣམ་པ་དེ་བས་ཟབ་ཏུ་ཕྱིན་ཡོད།

རིག་གནས་ལ་བརྟེན་ནས་བླ་སྲོག་བཏོད་དེ་བསམ་པའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ། 

སྤྲོ་སེམས་འཁོལ་བའི་ཞབས་བྲོ་དང་། དོན་སྙིང་ཟབ་པའི་ལྷ་མོ། ངོ་མཚར་ཆེ་བའི་ཐང་ག་ལ་སོགས། མི་རིགས་ཁག་གི་མི་དམངས་དང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་ཁྲོད། རང་ལྗོངས་སུ་དམངས་ཁྲོད་རྩོམ་རིག་དང་། སྲོལ་རྒྱུན་ཞབས་བྲོ། སྲོལ་རྒྱུན་ཟློས་གར། སྲོལ་རྒྱུན་མཛེས་རྩལ་སོགས་ཚུད་པའི་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་རིག་གནས་ཤིག་རིམ་གྱིས་གྲུབ་སྟེ་ཀྲུང་ཧྭའི་རིག་གནས་ཀྱི་བང་མཛོད་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།

2020ལོའི་ལོ་མཇུག་བར། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་རིམ་རྩིས་བྱས་ན་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ཐད་མ་དངུལ་སྒོར་དུང་ཕྱུར་2.23དང་སྒོར་ཁྲི་9592ཁག་སོ་སོར་བཏང་བ་རེད། ལྗོངས་ཡོངས་སུ་བོད་ལྗོངས་སློབ་ཆེན་སོགས་སློབ་གླིང་དང་སློབ་གྲྭ་8ལ“བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭའི་དཔེ་སྟོན་རྟེན་གཞི”ཞེས་མིང་བཏགས་ཡོད། ཆབ་མདོའི་སྐོར་བྲོ་དང་། འབྲི་རུའི་སྟེང་དཀར་རལ་པ། ལྷ་རྩེའི་སྟོད་གཞས། ལྷ་རྩེའི་སྒྲ་སྙན། སྟག་ཕུའི་ཨར་གཞས་སོགས་ཀྱི་རྣམ་གྲངས་ས་གནས་ཁག་གི“མངོན་མིན་རིག་གནས་ཤུལ་བཞག་གི་སློབ་གསེང་ལུས་རྩལ་སློབ་གྲྭར་སྤེལ་བའི”བཀྲག་མདངས་འཚེར་ས་གསར་པ་ཞིག་ཏུ་གྱུར་བ་དང་། གླིང་སྒྲུང་དང་མིག་མངས་སོགས་སྔ་རྗེས་སུ་སློབ་ཁང་དུ་སྤེལ་ནས་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པའི་རྣམ་པ་ཞིག་རིམ་བཞིན་ཆགས་ཡོད་པ་རེད།

གྲངས་གཞི་ལས་མངོན་པར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཁོ་ནར་ཀྲུང་དབྱང་གི་རྒྱབ་སྐྱོར་སྲིད་ཇུས་དང་རྣམ་གྲངས་གལ་ཆེན་ཚང་མ་དོན་འཁྱོལ་བྱུང་ཞིང་། ད་ལྟ་ལྗོངས་ཡོངས་སུ་མང་ཚོགས་སྒྱུ་རྩལ་ཁང་7དང་། དཔེ་མཛོད་ཁང་81 རྫོང་གི་ཕྱོགས་བསྡུས་རིག་གནས་ལྟེ་གནས་74 རྫོང་དང་ཆུས་ཀྱི་སྒྱུ་རྩལ་ཚོགས་པའི་ནང་སྦྱོང་བྱེད་ས་39 ཤང་དང་གྲོང་རྡལ་གྱི་ཕྱོགས་བསྡུས་རིག་གནས་ས་ཚིགས་697བཅས་ཡོད་པ་དང་། རིག་གནས་ཐང་ཆེན་1600ལྷག་ཙམ་བསྐྲུན་པས་རིམ་བཞིའི་སྤྱི་པའི་རིག་གནས་སྒྲིག་བཀོད་དྲ་བ་གཞི་རྩའི་ཆ་ནས་བསྐྲུན་ཟིན་ཡོད།

གྲུབ་འབྲས་ཀུན་ཕན་ལས་བདེ་སྐྱིད་ལྡན་པའི་འཚོ་བར་མཉམ་དུ་རོལ།

2021ལོའི་ཟླ་5པར། མེ་ཏོག་རྫོང་དུ་ཤར་གཏོང་ཐུབ་པའི་འགྲུལ་ལམ་གཙོ་གྲས་གཉིས་པ་སྟེ། ཕད་མེ་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་ཅིང་། གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་རྗེས་ཉིང་ཁྲི་གྲོང་ཁུལ་ནས་མེ་ཏོག་རྫོང་བར་གྱི་གཞུང་ལམ་ལམ་ཐག་དེ་སྔའི་སྤྱི་ལེ་346ནས་སྤྱི་ལེ་180བར་ཐུང་དུ་ཕྱིན་ཏེ་འགྲུལ་བཞུད་དུས་ཚོད་ཆུ་ཚོད་8ཙམ་ཐུང་དུ་ཕྱིན་པ་རེད།

ཟླ་6ཚེས་25ཉིན། དོ་ཁུར་ཆེན་པོ་བྱེད་པའི་ལྷ་ཉིང་ལྕགས་ལམ་དངོས་སུ་ཤར་གཏོང་ཐུབ་ནས་བོད་ཀྱི་ཤར་ལྷོའི་ས་ཁུལ་དུ་ལྕགས་ལམ་ཤར་གཏོང་མི་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།

2021ལོའི་ལོ་སྟོད་བར། བོད་ཀྱིས་གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ་བཅས་ཚུད་པའི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱ་རིམ་བཞིན་བསྐྲུན་ཏེ་སྒྲིག་ཚུད་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་ནས་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་11.88ཟིན་པ་དང་། ཤང་དང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོར་ཤར་བགྲོད་ཐུབ་ཚད་94%དང་76%སོ་སོར་ཟིན་པ། རྒྱལ་སྤྱི་རྒྱལ་ནང་གི་མཁའ་ལམ་140ཟིན་པ་དང་གནམ་གྲུ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་66ཟིན་པ་རེད། གློག་དྲ་གཙོ་བོ་རྫོང་གྲོང་ཚང་མ་དང་ཤང་དང་གྲོང་རྡལ་གཙོ་བོར་ཁྱབ་པ་དང་། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་གནད་དོན་ཁྱོན་ཡོངས་ནས་ཐག་གཅོད་ཐུབ་པ། འོད་སྐུད་དང་སྲུང་སྐར་གཙོ་བོར་བྱས་པའི་དེང་རབས་ཀྱི་འཕྲིན་གཏོང་དྲ་རྒྱའི་མ་ལག་ལས་བོད་ལ་ཆ་འཕྲིན་མགྱོགས་མྱུར་ཤར་གཏོང་ཐུབ་པ་དང་འོད་སྐུད་དྲ་ཆེན་ཤར་གཏོང་ཐུབ་ཚད་99%ཟིན་པ་རེད།

ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་རྫ་ཡུལ་རོལ་སྨད་གྲོང་རྡལ་སྤྱི་གཏོང་གྲོང་ཚོའི་སྟེང་པ་བ་ཨ་རྒྱགས་པས་མཉམ་ལས་ཁང་དང་དུད་ཚང་དབུལ་པོ་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་མང་ཚོགས་དབུལ་པོ་གླ་པར་བསྡུས་ནས་ཕག་པ་གསོ་སྟངས་བསླབས་པས་སྤྱི་གཏོང་གྲོང་ཚོའི་དུད་ཚང་དབུལ་པོར་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་3000ཡོང་བར་སྐུལ་ཁྲིད་ཐུབ་པ་མ་ཟད། ལོ་ལྟར་ད་དུང་གྲོང་ཚོའི་མཉམ་སྡེབ་ཁ་གསབ་སྒོར་3000རག་གི་ཡོད་པ་རེད།

2019ལོ་ནས་2021ལོའི་བར། གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་དུ་ཧེ་ལུང་ཅང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བདུན་པས་བོད་སྐྱོར་རྣམ་གྲངས་32ཇུས་འགོད་ལག་བསྟར་བྱས་པ་དེ་རྨང་གཞིའི་འཛུགས་སྐྲུན་དང་། དམངས་འཚོ་ལེགས་གཏོང་། དཔལ་འབྱོར་འཕེལ་རྒྱས། སྤྱི་པའི་ཞབས་ཞུའི་ནུས་པ་འཛུགས་སྐྱོང་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པས། རིན་སྤུངས་རྫོང་གི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་པ་དང་། ས་གནས་དེ་གའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་པ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་མ་ཐེབས་པ་རེད།

རྒྱུན་གཏན་གྱི་ལས་དོན་རེ་རེ་བསྒྲུབས་ནས་རྣམ་པ་བཟང་པོ་བཏོད།

རང་སྐྱོང་ལྗོངས་ཀུན་སྤྱོད་དཔེ་སྟོན་སློབ་གྲྭ་དང་མི་རིགས་མཐུན་སྒྲིལ་དཔེ་བཟང་སློབ་གྲྭ་སྟེ། མག་མག་མོན་པ་མི་རིགས་ཤང་སློབ་ཆུང་དུ་མི་རིགས་མཐུན་སྒྲིལ་སྐོར་གྱི་ཀུན་སྤྱོད་སློབ་གསོའི་སློབ་ཚན་ཞིག་ཚོགས་བཞིན་ཡོད་ཅིང་། སློབ་སྤྱི་སྤེན་པ་ཚེ་རིང་གིས་ཀུན་སྤྱོད་སློབ་གསོའི་བར་ཁྱམས་སུ་ཕྲུ་གུ་ཚོར་མི་རིགས་56གི་རིག་གནས་མི་འདྲ་བ་ངོ་སྤྲོད་བྱེད་བཞིན་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་། མཚོ་སྣ་རྫོང་གིས་སློབ་གསོའི་རྟེན་གཞི་དང་། ཐང་ཆེན། ཁྲོམ་གཞུང་། དཔེ་སྟོན་ས་ཚིགས་སོགས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྤུས་རྟགས་གཏོད་པའི་འདུ་འགོད་ནུས་ཤུགས་ཡོད་རྒུས་བཏོད་པ་དང་། རིག་རྩལ་འཁྲབ་སྟོན་དང་། ཆེད་དོན་པར་གཞི་པར་ལེན། བརྗོད་དོན་གཙོ་བོའི་གླུ་གཞས་སྒྲིག་བཟོ། ཆེད་དོན་འགྲེམས་སྟོན་ལ་ལྟ་སྐོར། བརྗོད་དོན་གཙོ་བོའི་ཡིག་གཟུགས་འགྲན་བསྡུར་ཆེ་མོ། དྲ་ཐོག་ལན་འདེབས་སོགས་ཀྱི་བྱེད་སྒོ་སྤེལ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་ཤུགས་ཆེ་རུ་བཏང་བས་རྫོང་ཡོངས་སུ་མི་རིགས་ཁག་གི་མི་དམངས་དབར་ཕན་ཚུན་རོགས་རམ་དང་ཞི་མཐུན་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཡོད།

རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ནི་རྒྱལ་ཁབ་ཀྱིས་ངོས་འཛིན་ཁས་ལེན་བྱེད་པའི་འབྲེལ་ཐག་ཡིན་ལ་མི་རིགས་མཐུན་སྒྲིལ་གྱི་རྨང་གཞིའང་ཡིན། ཐང་མགོ་ཆེ་དགོན་པའི་དགེ་འདུན་པ་རྣམས་ཀྱིས་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པའི་སྣེ་ཁྲིད་འོག་གཅིག་སྡུད་སློབ་ཁྲིད་དང་མི་སྒེར་གྱི་ཟུར་ཁྲིད་ཟུང་འབྲེལ་གྱི་རྣམ་པ་སྤྱད་དེ་ཉིན་རེའི་འཚོ་བའི་ཁྲོད་ཀྱི་སྐད་ཆ་ནས་འགོ་བརྩམས་ཏེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱངས་པ་རེད།

བོད་ལྗོངས་ཀྱིས་སློབ་གྲྭ་དང་། ལས་ཁུངས། དགོན་སྡེ། གྲོང་གསེབ་སོགས་སུ་དྲིལ་བསྒྲགས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི་དྲིལ་བསྒྲགས་སློབ་གསོའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་སྟེ་དྲིལ་བསྒྲགས་སློབ་གསོའི་རྒྱུན་རྣམ་ཅན་གྱི་ལམ་སྲོལ་བཙུགས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ལས་བྱེད་པ་དང་། ཏང་ཡོན། རྒྱལ་དམངས། སྤྱི་ཚོགས་བཅས་ལ་སློབ་གསོ་གཏོང་བའི་ནང་དོན་དུ་བཅུག་ཡོད།

དུས་རབས་གསར་པར་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད། འགོ་འཛུགས་ས་གསར་པའི་ཐོག་ལངས་ནས་རང་ལྗོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་ལ་མུ་མཐུད་དམ་པོར་དམིགས་ནས། མི་རིགས་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ནང་མཉམ་འདྲེས་གང་ལེགས་དང་དེར་ཞབས་འདེགས་ཞུ་ཐུབ་པར་བྱས་ཏེ། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ནམ་ཡང་བཞད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་སྐྲུན་པར་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།