ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷོ་ཁ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་གྲོང་ཁྱེར་རྒྱལ་ཁའི་ངང་བཏོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-01-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོར་མཚོ་སྣ་རྫོང་སླད་མོན་པ་མི་རིགས་ཤང་ལེགས་གྲོང་ཚོ་དང་། ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་ཡུལ་སྨད་གྲོང་ཚོ། འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་གི་སྟོབས་ཆེན་གྲོང་ཚོ་བཅས་ལ་ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ་ཀྱི་མཚན་སྙན་ཐོབ་པ་དང་། ལོ་དེར་ལྷུན་རྩེ་རྫོང་འདི་ཉིད་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ཀྱི“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི”ཡི་རིགས་པའི་གཞུང་ལུགས་ལག་ལེན་གསར་གཏོད་ཀྱི་རྟེན་གཞི་དང་པོར་བདམས་ཤིང་། 2020ལོའི་ཟླ10པར། ལྷོ་ཁ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་གྲོང་ཁྱེར་རྒྱལ་ཁའི་ངང་བཏོད་པ་རེད།

གྲུབ་འབྲས་དང་མཚན་སྙན་རབ་དང་རིམ་པ་ལས་ལྷོ་ཁ་གྲོང་ཁྱེར་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་ངང་བསྐྱོད་པའི་ཡིད་ཆེས་དང་གཏིང་ཤུགས་མངོན་ཡོད།

ཉེ་བའི་ལོ་འགའི་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་ཡིན”ཞེས་པའི་མངགས་བཅོལ་ཟབ་མོ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་བཅངས་ཏེ། གྲོང་ཁྱེར་དང་། རྫོང(ཆུས)ཤང(གྲོང་རྡལ)གྲོང་ཚོ(གྲོང་ལྷན)བཅས་རིམ་པ་བཞིའི་ལམ་ལུགས་བཙུགས་པ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་པ་དང་། རྒྱལ་ཁབ་མངའ་ཁོངས་ཀྱི་བར་མཐོངས་ཇེ་ལེགས་སུ་གཏོང་བ། ཐོན་ལས་སྐྱེ་ཁམས་ཅན་དང་འཁོར་རྒྱུག་ཅན་ལ་སྐུལ་འདེད་གཏོང་བ། ཁོར་ཡུག་སྤུས་ཚད་ཇེ་ལེགས་སུ་གཏོང་བ། སྐྱེ་ཁམས་འཚོ་བ་ལག་ལེན་བྱེད་པ། སྐྱེ་ཁམས་རིག་གནས་དར་རྒྱས་སུ་གཏོང་བ་བཅས་གཙོ་གནད་ལས་དོན་ཆེན་པོ་དྲུག་ཡིན་ལ། རྩེ་གྲས་ཇུས་འགོད་ཐོག་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་མ་ལག་གི“གདུང་བཞི་ཀ་བརྒྱད”འཛུགས་གཏོད་བྱས་ཡོད།

དམིགས་ཡུལ་གསལ་བ་དང་། ཁ་ཕྱོགས་མངོན་གསལ། བྱ་སྤྱོད་མྱུར་བ། གོམ་སྟབས་བརྟན་པོ་ཡིན་པ། ལམ་ལུགས་མ་ལག་གཏན་འཁེལ་བྱས་པ་དེས་ལྷོ་ཁ་གྲོང་ཁྱེར་གྱིས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་སྔར་བས་ཡངས་ཤིང་རྒྱ་ཆེ་བར་གྱུར་ཡོད།

ལྷོ་ཁ་གྲོང་ཁྱེར་གྱིས་རི་ཆུ་ནགས་ཞིང་མཚོ་དང་། རྩྭ་ཐང་། བྱེ་མ། འཁྱགས་རོམ་བཅས་ཕྱོགས་བསྡུས་སྲུང་སྐྱོང་དང་བཅོས་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས། ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ས་ཆུ་སྲུང་སྐྱོང་དང་རླུང་འགོག་བྱེ་འཇགས་དང་། ཡར་འབྲོག་གཡུ་མཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། ལྷུན་རྩེའི་གཙང་པོ་རྒྱུག་ཁུལ་གྱི་ཆུའི་སྦགས་བཙོག་འགོག་བཅོས། ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས། དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་སོགས་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་རྣམ་གྲངས་ཆེ་གྲས་བཅུ་ལྷག་གཙོ་གནད་ཐོག་བཀོད་སྒྲིག་བྱས་པས། གྲོང་ཁྱེར་ཡོངས་ཀྱི་གོང་འོག་བར་གསུམ་དུ“མི་ཚང་མས་སྐྱེ་ཁམས་ལ་མཐོང་ཆེན་དང་མི་ཚང་མ་ཁོར་ཡུག་སྲུང་སྐྱོང་ལ་ཞུགས་པའི”རྣམ་པ་ཆགས་ཡོད།

གྲོང་ཁྱེར་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་མུ་མཐུད་མཐོར་འདེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་ཞབས་ཞུའི་ནུས་པ་དང་སྐྱེ་ཁམས་འཕེལ་རྒྱས་ཀྱི་ཆ་རྐྱེན་བཟང་པོས་མང་ཚོགས་ལ་བདེ་སྐྱིད་བསྐྲུན་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་སྐྱེ་ཁམས་ལས་དོན་ཐད་ཤུགས་སྣོན་བརྒྱབ་ཡོད།

ཉེ་བའི་ལོ་འགའི་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་འཕྲུལ་སྒུལ་རླངས་འཁོར་གྱི་འབུད་གཏོང་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། རིམ་རྩིས་བྱས་ན་སྦགས་བཙོག་ཆེ་བའི་རླངས་འཁོར་རྙིང་པ5774དོར་བ་དང་། རྫོང(ཆུས)8ཀྱི་བཙོག་ཆུ་གཙང་སེལ་བཟོ་གྲྭ་དང་ཞིང་སྡེའི་འཚོ་བའི་བཙོག་ཆུ་གཙང་སེལ་བྱ་ཡུལ8ཚང་མ་བསྐྲུན་ཟིན་ལ། སྨན་བཅོས་སྙིགས་རོ་ཐག་གཅོད་ལྟེ་གནས་ཀྱིས་རིམ་རྩིས་བརྒྱབ་ན་ཉེན་ཡོད་སྙིགས་རོ་ཏུན122.73ཐག་གཅོད་བྱས་པ་དང་། གཏན་འཇགས་སྦགས་བཙོག་འབྱུང་ཁུངས་བཙོག་འབུད་ཚན་པ1035གྲལ་བཤེར་བྱས། གཙང་པོར་བཞུར་བའི་བཙོག་འབུད་མདོ་ཁ56དང་གཏེར་རིའི་ཁེ་ལས20སོགས་དང་འབྲེལ་བའི་ཁོར་ཡུག་ཚན་པར་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་། ཤང་གྲོང་གི་འཚོ་བའི་གད་སྙིགས་གནོད་མེད་ངང་ཐག་གཅོད་བྱེད་སྟངས་གཞིར་བཟུང་། མ་དངུལ་སྒོར་དུང་ཕྱུར8.15བཏང་ནས་འཚོ་བའི་གད་སྙིགས་གཙང་སེལ་སྒྲིག་ཆས51བསྐྲུན་ཞིང་། མང་ཚོགས་རང་ཉིད་ཀྱིས་བསྐྲུན་པའི་འཕྲོད་བསྟེན་གསང་སྤྱོད་ཁྲི4ལྷག་དོན་འཁྱོལ་བྱས། སྤྱི་ཚོགས་ཀྱི་སྟོབས་ཤུགས་རྒྱ་ཁྱབ་ངང་སྐུལ་སློང་དང་སྡོང་འཛུགས་ནགས་སྐྲུན་དང་རྒྱལ་ཁབ་མངའ་ཁོངས་ལྗང་བསྒྱུར་བཅས་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་མིས་བཟོས་ནགས་ཚལ་གྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི3.26ཟིན་ལ། ནགས་ཚལ་ཁྱབ་ཚད24.79%བར་ཇེ་མཐོར་ཕྱིན་པ་སོགས་ཀྱི་བྱ་ཐབས་ནུས་ལྡན་རབ་དང་རིམ་པས་ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་བཏིང་ཡོད།

ལོ་འགའ་ཤས་རིང་འཕེལ་རྒྱས་ཕྱིན་པ་བརྒྱུད། ད་ལྟ་གྲ་ནང་རྫོང་གི་ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་སྐྱེ་ཁམས་ཐོན་ལས་རྣམ་གྲངས་མང་པོར་ཕན་འབྲས་ཐོན་ནས། དེ་སྔོན་གྱི་བྱེ་ཐང་དེ་ལྗང་མདོག་ཅན་དུ་འགྱུར་བ་མངོན་འགྱུར་བྱུང་ཡོད། དེ་ནི་ལྷོ་ཁ་གྲོང་ཁྱེར་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་བརྟེན་ནས། “ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་སྒོར་དུང་ཕྱུར་བརྒྱའི་ཐོན་ལས་བར་ཁྱམས”རྨང་གཞི་དང་། ཐོན་ལས་སྐྱེ་ཁམས་ཅན་དང་འཁོར་རྒྱུག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་སྐྱེ་ཁམས་དཔལ་འབྱོར་གྱི་རྣམ་པ་གསར་པ་ཆགས་པར་བྱས་པའི་བསྡུས་རིས་ཤིག་རེད།

ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ཁྱིམ་ཚང་གི་རོང་འབྲོག་ཁྱིམ་ཚང་དང་། མཉམ་ལས་ཁང་། འདེབས་འཛུགས་གསོ་སྤེལ་རྟེན་གཞི་སོགས་རོང་འབྲོག་ལས་ཐོན་སྐྱེད་ཁེ་ལས་ནང་ཁྱབ་པར་བྱས་ཏེ། མཐོ་སྒང་གི་ཁྱད་ལྡན་ཞིང་ཕྱུགས་ལས་སྐྱེ་ཁམས་ཅན་གྱི་ཐོན་ལས་ཕྲེང་འབྲེལ་རིམ་བཞིན་འཛུགས་རྒྱུ་དང་། ཡར་ཀླུང་གཙང་པོའི་སྐྱེ་ཁམས་ནགས་ཚལ་འཛུགས་སྐྲུན་དང་ལུང་གཞུང་སྐྱེ་ཁམས་མ་ལག་འཛུགས་སྐྲུན་སོགས་ཤུགས་རྒྱག་སར་བརྩིས་ནས་སྤྲོ་གསེང་གྲོང་གསེབ་ཡུལ་སྐོར་དང་། སྤྲོ་གསེང་ཡུལ་སྐོར། ཉམས་ལེན་ཡུལ་སྐོར་བཅས་དང་། དེ་བཞིན་ཞིང་པའི་སྤྲོ་སྐྱིད་ཁང་དང་། འབྲོག་པའི་སྤྲོ་སྐྱིད་ཁང་། དམངས་སྲོལ་ཁང་སོགས་ཁྱད་ལྡན་སྐྱེ་ཁམས་ཡུལ་སྐོར་ལ་སྐུལ་འདེད་གཏོང་རྒྱུ། ཐཱན་རྩེར་སོན་དང་ཐཱན་སྙོམ་སྒྲིག་གི་འཐབ་ཇུས་ལ་དམ་འཛིན་བྱ་རྒྱུ། ཐོན་ཁུངས་ཀྱི་རང་སྤུས་ལ་བརྟེན་ནས་ཆུ་གློག་རླུང་འོད་བཅས་གཞི་གཅིག་ཅན་གྱི་གཙོ་གནད་དུ་གྱུར་པའི་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་རྒྱུན་མཐུད་ངང་བསྐྲུན་པ་སོགས་བྱས་ཏེ། ལྷོ་ཁ་གྲོང་ཁྱེར་གྱིས་སྐྱེ་ཁམས་རྒྱུ་ནོར་གྱི་གསང་བའི་ཨང་གྲངས་ཁོང་དུ་ཆུད་པར་བྱས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བརྟན་བརླིང་ངང་འཕེལ་རྒྱས་གཏོང་རྒྱུ་རེད།

རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་གྲོང་ཁྱེར་རྒྱལ་ཁའི་ངང་བཏོད་པ་དེ་མཇུག་གནས་མིན་པར་མགོ་འཛུགས་ས་གསར་པ་ཞིག་རེད། གཟི་བརྗིད་མཚན་སྙན་དེས་ང་ཚོར་སྐུལ་ལྕག་བྱེད་བཞིན་ཡོད་པ་མ་ཟད། མུ་མཐུད་འབད་འབུངས་ཧུར་བརྩོན་དང་ལག་བསྟར་མཚམས་མི་ཆད་པར་བྱས་ཏེ། བྱེ་མ་སྤུངས་ནས་མཆོད་རྟེན་ཆགས་པ་དང་སྙིང་རུས་གཏན་འཁྱོངས་ཀྱི་ཆོད་སེམས་ཀྱིས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་རྒྱ་ཆེར་གཏོང་བའི་ཕྱོགས་སུ་ཟམ་མི་ཆད་པར་བསྐྱོད་དེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡི་ཅུའུ་ཀྲང་ཞིན་ཡུན་ཅང་གིས་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།