ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཁྱིམ་ཚང་ཁྲི་སྟོང་མང་པོར་ཕྱུག་འགྱུར་སྣེ་ཁྲིད་བྱས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཁྱད་ལྡན་སྣེ་འདྲེན་ཁེ་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་དང་ལས་ཞུགས་ལས་གནས་དེ་བས་མང་བ་མཁོ་འདོན་བྱེད་པ་མ་ཟད། མཐའ་འཁོར་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ཀྱང་བྱེད་པའི་བསམ་ཕྱོགས་དེར་བརྟེན་ནས་ལྷུན་རྩེ་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་ཐུབ་རྒྱུར་སྐུལ་འདེད་གཏོང་བའི་ལམ་བུ་གསར་པ་ཞིག་བཏོད་དེ་ས་གནས་དེ་གའི་མང་ཚོགས་ལ་ཐོབ་སྣང་དང་སྐྱིད་སྣང་དེ་བས་མང་བ་ཚོར་དུ་བཅུག་ཡོད།

སྣེ་འདྲེན་ཁེ་ལས་ཀྱི་འཕེལ་རྒྱས་ལ་གསོན་ཤུགས་ལྡན་པ།

ལྷོ་ཁ་གྲོང་ཁྱེར་ཡུང་ཁྲོང་འཕེལ་རྒྱས་འཛུགས་སྐྲུན་ཚད་ཡོད་ཀུང་སི་དེ་2016ལོའི་ཟླ་11པར་བཙུགས་པ་དང་དེ་སྔོན་ཀུང་སི་དེ་ནི་ལྷུན་རྩེ་གྲོང་རྡལ་སྦྲ་སྒོར་གྲོང་ཚོའི་ཞིང་པའི་ཨར་ལས་རུ་ཁག་ཅིག་རེད། ཉེ་བའི་ལོ་ཤས་རིང་། ཀུང་སིས་ས་གནས་དེ་གའི་དོན་དངོས་ལ་གཞི་ཚུགས་ནས་བློ་གཅིག་སེམས་གཅིག་ངང་འཕེལ་རྒྱས་དོན་གཉེར་བྱས་པ་དང་མིག་སྔར་ལས་བཟོ་1000ལྷག་ཙམ་ཡོད་པའི་ལྷུན་རྩེ་རྫོང་གི་གྲགས་ཅན་ཁེ་ལས་ཤིག་ཏུ་གྱུར་ཡོད།

“ཏང་གི་སྲིད་ཇུས་བཟང་པོར་བརྟེན་ནས་ཀུང་སི་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ཡོད། མིག་སྔར་ཀུང་སི་དེའི་ཁོངས་གཏོགས་སུ་ལྷུན་རྩེ་གཙང་པོ་གསོལ་མགྲོན་ཁང་དོ་དམ་ཚད་ཡོད་ཀུང་སི་དང་། ལྷུན་རྩེ་རྫོང་གི་དུད་ཚང་དབུལ་པོའི་ལས་ཞུགས་པུའུ། ལྷུན་རྩེ་རྫོང་གཉལ་གཞུང་དཀར་ཆུའི་ལས་རིགས་ཚད་ཡོད་ཀུང་སི། མཚོ་སྣ་རྫོང་སྦྱོར་ར་ཤང་གི་སྔོ་ཚལ་རྟེན་གཞི། སྣེ་གདོང་ཆུས་དཔལ་རོང་དཀར་ཆུའི་ལས་རིགས་ཚད་ཡོད་ཀུང་སི་སོགས་ཡན་ལག་ཀུང་སི་ཡོད། ཀུང་སིས་གཙོ་བོ་སྡོད་ཁང་འཛུགས་སྐྲུན་དང་། གྲོང་ཁྱེར་དང་གཞུང་ལམ་གྱི་གློག་སྒྲོན། ཆུ་བེད་ཆུ་གློག སྐྱེད་ཚལ་སྔོ་འགྱུར་སོགས་ཀྱི་ལས་གྲྭ་དང་དེ་བཞིན་བཞོན་མ་གསོ་ཚགས་དང་། བ་གླང་གི་རྒྱུད་པ་ལེགས་བཅོས་ལག་རྩལ་གསོ་སྦྱོང་། དངོས་ཟོག་སྐྱེལ་འདྲེན་སོགས་ཀྱི་ལས་སྒོ་གཉེར་གྱི་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་ཡུང་ཁྲོང་འཕེལ་རྒྱས་འཛུགས་སྐྲུན་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་བག་གྲོས་གསར་འགོད་པར་བཤད།

གཞི་ཁྱོན་ཆེ་རུ་བཏང་བ་དང་དུས་མཚུངས། ཀུང་སི་དེས་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་བསྒྲུབས་ནས་དགེ་སྒྲུབ་བྱ་གཞག་དང་། སློབ་གསོ་དར་སྤེལ། སློབ་ཞུགས་རོགས་སྐྱོར། དབུལ་སྐྱོར་དཀའ་སེལ་སོགས་ལ་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད། རིམ་རྩིས་བྱས་ན་ཞལ་འདེབས་སྒོར་ཁྲི་3200བརྒྱབ་པ་དང་། ལྷུན་རྩེ་རྫོང་གི་ས་གནས་དེ་གའི་མཐོ་སློབ་སློབ་ཐོན་སློབ་མ་66ལས་ཞུགས་ཐུབ་པ་དང་། ཁོངས་གཏོགས་ཀྱི་ཡན་ལག་ཀུང་སི་ཁག་གིས་རིམ་རྩིས་བྱས་ན་ས་གནས་དེ་གའི་མང་ཚོགས་1200ལྷག་ཙམ་ལ་ལས་གནས་མཁོ་འདོན་བྱས་པས། “རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་བསྡུ་ལེན་གྱི་སྔོན་ཐོན་མཉམ་སྡེབ”དང“ལྷོ་ཁ་གྲོང་ཁྱེར་གྱི་ཏོག་གསར་རིམས་ནད་ལ་འགོག་རྒོལ་བྱེད་པའི་སྔོན་ཐོན་དམངས་གཉེར་ཁེ་ལས”སོགས་ཀྱི་མཚན་སྙན་ཐོབ་ཡོད།

ཡོང་འབབ་འཕར་བར་ཐབས་ལམ་ཡོད་པ།

ལྷུན་རྩེ་རྫོང་གྲོང་དང་ཐག་མི་རིང་བའི“ཤ་ཚལ་སྒོང་གསུམ”གྱི་འདུ་འགོད་གླིང་སྐྱོད་སྐབས། འགྱིག་ཤོག་དྲོད་ཁང་ཆེན་པོ་སྟར་པ་རེ་རེ་བཞིན་གྲལ་སྟར་འགྲིག་པོར་ཡོད་ཅིང་། འགྱིག་ཤོག་དྲོད་ཁང་ཆེན་པོའི་ནང་དུ་ཧོང་ཀྭ་དང་། སུར་པན། ཀྲོ་མ་ཀྲུ། པད་ཚལ། ཤིས་ཀྭ་སོགས་སྔོ་ཚལ་དང་ཤིང་འབྲས་སྐྱེ་འཚར་ཡག་པོ་འདུག

གླིང་ཁུལ་གྱི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། གླིང་ཁུལ་དེ་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི་5160.41བཏང་ནས་བསྐྲུན་པ་དང་། འགྱིག་ཤོག་དྲོད་ཁང་དང་སྔོ་ཚལ་གྲང་མཛོད་ཀྱི་ལེ་ལག་ཚང་བའི་སྒྲིག་བཀོད་244ཡོད་པ་དེ་ནི་ལྷུན་རྩེ་རྫོང་གི“ལོ་ལྔ་ཚན་བཅུ་གསུམ་པའི”ཐོན་ལས་རྣམ་གྲངས་སྤུས་ལེགས་ཀྱི་གྲས་ཤིག་རེད།

རྣམ་གྲངས་དེས“ཀུང་སི་+རྟེན་གཞི་+དུད་ཚང་དབུལ་པོ”བཅས་ཀྱི་འཁོར་རྒྱུག་བྱེད་སྟངས་སྤྱད་པས་ལོ་ལྟར་སྔོ་ཚལ་རྒྱ་མ་ཁྲི་250ཐོན་སྐྱེད་ཐུབ་ཀྱི་ཡོད།

ལྷུན་རྩེ་རྫོང་ནི་ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་རྫོང་ཞིག་རེད། དེ་སྔ་སྔོ་ཚལ་དང་ཤིང་འབྲས་གཙོ་བོ་ས་ཆ་གཞན་ནས་མཁོ་འདོན་བྱེད་པར་བརྟེན་སྣ་ཁ་ཉུང་ལ་རིན་གོང་མཐོ་པོ་ཡོད། ད་ཆ“ཤ་ཚལ་སྒོང་གསུམ”གྱི་འདུ་འགོད་ལག་ལེན་བསྟར་བ་བརྒྱུད། རྫོང་ཡོངས་སུ་ཤིང་འབྲས་དང་སྔོ་ཚལ་རང་མཁོ་རང་གསོ་ཐུབ་པ་དང་རིན་གོང་ཡང་རྫོང་དང་ཆུས་གཞན་དག་ལས་20%ཙམ་གྱིས་དམའ་བ་ཡོད།

འགྱིག་ཤོག་དྲོད་ཁང་ཆེན་པོའི་ནང་དུ་གསར་འགོད་པར་ཤིས་ཀྭ་འཐུ་བཞིན་པའི་ཆོས་འཕེལ་འཕྲད་བྱུང་། 2017ལོར་ཆོས་འཕེལ་གྱི་ནང་མི་རྣམས་ཞོལ་གསར་ཤང་ཕུ་འབྲོག་གྲོང་ཚོ་ནས་ལྷུན་རྩེ་གྲོང་རྡལ་ཡེར་པ་གྲོང་ཚོར་གནས་སྤོས་བྱས་པས། འཚོ་བར་ཡང་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

ཆོས་འཕེལ་གྱིས་དེ་སྔ་ནང་མི་བཞི་པོས་ཞིང་འདེབས་པ་དང་ཕྱུགས་རིགས་གསོས་ནས་ལྟོ་གོས་ཕྱིད་ཙམ་ལས་མེད། རང་ཉིད་ཀྱི་གཟུགས་པོ་ཐང་པོ་མེད་པར་བརྟེན་སྨན་རིན་མང་པོ་འགྲོ་ཡི་འདུག་པས། ཁྱིམ་གྱི་འཚོ་བ་ཡང་ལོ་རེ་བཞིན་ཉམས་རྒུད་དུ་ཕྱིན་སོང་ཞེས་གསར་འགོད་པར་བཤད། “གནས་སྤོས་རྗེས་སྲིད་གཞུང་སྡེ་ཚན་གྱིས་བཟའ་ཟླ་དང་ང་ལ་གླིང་ཁུལ་དུ་ལས་ཀ་བཀོད་སྒྲིག་བྱས་པས། ང་ཚོའི་འཚོ་བ་ལེགས་སུ་ཕྱིན་སོང”ཞེས་བཤད།

“ད་ཆ་སྡོད་སའི་ཁང་པ་དེ་སྔ་ལས་ཧ་ཅང་ཡག་པ་ཡོད། ཕྲུ་གུ་གཉིས་སློབ་གྲྭར་སྐྱོད་བདེ་བ་མ་ཟད། ང་ཚོ་ཡང་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཀ་བྱེད་ཀྱི་ཡོད། ང་དང་ངའི་བཟའ་ཟླར་ཟླ་རེར་གླ་ཆ་སྒོར་8000ལྷག་ཙམ་ཡོད་པས། ལྟོ་གོས་ལ་སེམས་ཁྲལ་མི་འདུག་ལ། ལོ་མཇུག་ཏུ་ད་དུང་བགོ་འགྲེམས་མི་ཉུང་བ་ཞིག་རག་གི་འདུག འདི་ལོ་ཁྱིམ་དུ་རླངས་འཁོར་གསར་པ་དང་ཁྱིམ་སྤྱོད་གློག་ཆས་གསར་པ་ཉོས་པས། འཚོ་བར་རེ་བས་ཁེངས་སོང”ཞེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོ་ཁོ་ནར་ལྷུན་རྩེ་རྫོང་གི“ཤ་ཚལ་སྒོང་གསུམ”གྱི་འདུ་འགོད་གླིང་ལ་ཡོང་འབབ་སྒོར་ཁྲི་460བྱུང་ནས། ས་གནས་དེ་གའི་མང་ཚོགས་370ཡི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་ཐུབ་ཡོད།

ལས་ཞུགས་བྱེད་པར་ཐབས་ལམ་ཡོད་པ།

རྫོང་ཡོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ཡག་པོ་ཏན་ཏིག་སྒྲུབ་ཆེད། ཉེ་བའི་ལོ་ཤས་རིང་ལྷུན་རྩེ་རྫོང་གིས་རིམ་པ་ཁག་གི་སྟོབས་ཤུགས་སྐོང་འཐེན་ཧུར་ཐག་བྱས་ནས་དཔེ་མཚོན་གྱིས་ཁྲིད་སྟོན་དང་། ལས་ཞུགས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་གཏོང་བ། ལས་སྟེགས་སྐྲུན་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་ལ་རོགས་རམ་ཧུར་ཐག་བྱས་པ་རེད།

“ངས་བོད་ལྗོངས་ཞིང་འབྲོག་སློབ་གླིང་དུ་འབྲོག་ལས་དང་ཕྱུགས་རིགས་སྨན་པའི་ཆེད་ལས་སྦྱངས་པ་ཡིན། སློབ་གྲྭ་ནས་ཐོན་རྗེས་ལས་མི་བསྡུ་བའི་འདུ་ཚོགས་ནས་ད་ལྟའི་ལས་ཀ་འདི་རག་བྱུང་། ད་ཆ་ཟླ་རེར་གླ་ཆ་སྒོར་7000ཡོད་པས། ནང་གི་ཆ་རྐྱེན་ཡང་ཡག་ཏུ་ཕྱིན་སོང”ཞེས་ལྷུན་རྩེ་རྫོང་གཉལ་གཞུང་ཚད་ལྡན་ཅན་གྱི་བཞོན་མ་གསོ་ཚགས་རྟེན་གཞིའི་འོ་མ་ཞིབ་དཔྱད་ཚད་ལེན་ཁུལ་གྱི་ཞིབ་དཔྱད་ཚད་ལེན་པ་ཚེ་རིང་ཆོས་སྒྲོན་གྱིས་ལས་ཀ་བྱེད་བཞིན་དུ་བཤད།

འདི་ལོ་ལོ་27ལ་སླེབས་པའི་སྤེན་པ་ཚེ་རིང་2017ལོར་ཧོ་པེའི་ཁོར་ཡུག་འདུ་འགོད་སློབ་གླིང་ནས་ཐོན་པ་དང་། ཚེ་རིང་ཆོས་སྒྲོན་དང་འདྲ་བར་སློབ་ཆེན་ཐོན་རྗེས་གསོ་ཚགས་རྟེན་གཞིར་ལས་ཀར་བསྐྱོད། དང་ཐོག་ཅི་ཡང་མི་ཤེས་པ་ནས་ད་ཆ་ཕྱུགས་ཟོག་གསོ་ཚགས་བྱེད་སྟངས་དང་སྒྲིག་ཆས་བེད་སྤྱོད་གཏོང་སྟངས་ཤེས་པའི་བར་ནི་སྤེན་པ་ཚེ་རིང་གི་ངོས་ནས་བརྗོད་ན། དམིགས་བསལ་གྱི་ཉམས་ལེན་ཞིག་རེད། ད་ཆ་ཁོང་གསོ་ཚགས་རྟེན་གཞིའི་ཁྲང་ཀྲང་གཞོན་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་རྟེན་གཞིར་བཞོན་མ་1000ལྷག་ཙམ་ཡོད་པ་དང་ལོར་འོ་མ་ཏུན་1400ལྷག་ཙམ་ཐོན་གྱི་ཡོད། 2018ལོའི་ཟླ་10པར་ལས་གཉེར་བྱེད་འགོ་ཚུགས་ཚུན་འོ་མ་སོས་པ་དང་། ཕྱུར་བ། མར། བེའུ་སོགས་བཙོངས་པ་བརྒྱུད་རིམ་རྩིས་བྱས་ན་ཡོང་འབབ་སྒོར་ཁྲི་1300ལྷག་ཙམ་བྱུང་ནས། མི་63ལས་ཞུགས་བྱུང་བའི་ནང་དུད་ཚང་དབུལ་པོའི་མི་44ལ་ཟླ་རེར་ཡོང་འབབ་སྒོར་4000ཙམ་ཡོད་པ་དང་སློབ་ཆེན་སློབ་ཐོན་སློབ་མ་15ཡི་ཟླ་རེའི་ཡོང་འབབ་སྒོར་7000ཟིན་གྱི་ཡོད།

2020ལོར་རྟེན་གཞིས་ད་དུང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་692ལ་མི་རེར་ཆ་སྙོམས་བགོ་འགྲེམས་སྒོར་1000རྒྱག་རྒྱུ་བྱུང་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།