འབྲི་གཡག་རྒྱུད་སྤེལ་བཏང་བའི་གཏམ་རྒྱུད་སྙན་པོ།

—— རྒྱ་ཚ་རྫོང་གིས་འབྲི་གཡག་དཔལ་འབྱོར་རྒྱུད་འདྲེས་ཁྱབ་གདལ་བཏང་བའི་སྐོར་བཀོད་པ།

“ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འབྲི་གཡག་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་པ་དང་འབྲེལ། བོད་ལྗོངས་སུ་མཛོ་མོ་ཐོན་ཁུངས་ཕུན་སུམ་ཚོགས་པའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། རང་སྐྱོང་ལྗོངས་འབྲོག་ལས་སྤྱི་ཁྱབ་ས་ཚིགས་སུ་བོད་ཀྱི་འབྲི་གཡག་དཔལ་འབྱོར་རྒྱུད་འདྲེས་གསོ་ཚགས་དཔེ་སྟོན་རྟེན་གཞི་བཙུགས་པ་མ་ཟད། ལག་རྩལ་མི་སྣ་གསོ་སྦྱོང་དང་། ཕ་སྦྱོར་བྱེད་ས་བསྐྲུན་པ། འཁྱག་པའི་ཁམས་དཀར་དང་ཡོ་ཆས་སྤྲོད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་འབྲི་གཡག་དཔལ་འབྱོར་རྒྱུད་འདྲེས་ཁྱབ་གདལ་བཏང་བ་རེད། 2019ལོ་དང་2020ལོར་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གིས་ལྷ་ས་དང་། གཞིས་རྩེ། ལྷོ་ཁ། ཉིང་ཁྲི། ཆབ་མདོ་བཅས་གྲོང་ཁྱེར་5ཡི་རྫོང་40རུ་ལས་དོན་དེ་སྤེལ་བ་དང་། ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་ནི་ཚོད་ལྟའི་གཙོ་གནད་ཚན་པའི་གྲས་ཡིན།

སྲིད་གཞུང་གི་ཁྲིད་སྟོན་དང་ཁྲོམ་རའི་གཙོ་ཁྲིད་མཐའ་འཁྱོངས་བྱས་པ།

བསོད་ནམས་རྒྱལ་མཚན་གྱི་ཁྱིམ་ཚང་འབྲོག་རར་བསྐྱོད་སྐབས། ཕོ་གཞོན་ཁོང་བ་ཕྱུགས་ལ་གཟན་རྩྭ་སྟེར་བ་དང་། འོ་མ་བཞོ་བ། བ་ཚང་ལ་གཙང་སྦྲ་བཅས་བྱེད་པའི་སྒང་རེད་འདུག བསོད་ནམས་རྒྱལ་མཚན་གྱི་ཁྱིམ་ཚང་འབྲོག་ར་དེ་རྒྱ་ཚ་རྫོང་རྒྱ་ཚ་གྲོང་རྡལ་བརླན་སྟོད་གྲོང་ཚོར་ཡོད།

ལོ་27ལ་སླེབས་པའི་བསོད་ནམས་རྒྱལ་མཚན་2017ལོར་སློབ་ཆེན་ཐོན་ནས་སྔ་རྗེས་སུ་ལས་ཀ་ཐེངས་ཁ་ཤས་འཚལ་ཡང་། བློ་ལ་བབས་པའི་ལས་ཀ་ཞིག་མ་རག་རྐྱེན་ཕ་ཡུལ་དུ་ལོག 2020ལོའི་ཟླ་12པར་བསོད་ནམས་རྒྱལ་མཚན་གྱིས་ཆུང་དུས་ཀྱི་རོགས་པ་བསྟན་འཛིན་རྡོ་རྗེ་དང་ངག་དབང་རྒྱ་མཚོ་དང་མཉམ་དུ་བརླན་སྟོད་གསོ་ཚགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ། ཕ་ཡུལ་གྱི་ཕུན་སུམ་ཚོགས་པའི་མཛོ་མོའི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ཁར། སྲིད་གཞུང་གི་རོགས་རམ་འོག་ཡར་ཀླུང་གངས་ནོར་འཕེལ་རྒྱས་བཏང་། ད་ཆ་ཁོང་ཚོའི་མཉམ་ལས་ཁང་དུ་མཛོ་མོ་83དང་ཡར་ཀླུང་གངས་ནོར་25ཡོད།

འབྲོག་རའི་བདག་གཉེར་བ་བསོད་ནམས་རྒྱལ་མཚན་གྱིས“ད་ཆ་བོད་ཀྱི་འཛད་སྤྱོད་ཁྲོམ་རར་ཚགས་ཤ་དཀོན་པོ་ཡོད་པ་ཤེས་བྱུང་།སྲིད་གཞུང་གི་སྲིད་ཇུས་ཡག་པོ་ཡོད་པ་དང་ཡར་ཀླུང་རྟོལ་མ་འཕེལ་རྒྱས་གཏོང་བར་སྐུལ་ལྕག་བྱེད་ལ། ངའི་ཕ་ཡུལ་དུའང་མཛོའི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པས་ཡར་ཀླུང་རྟོལ་མ་འཕེལ་རྒྱས་གཏོང་ཡུལ་ཡག་པོ་ཞིག་རེད། དེར་བརྟེན། ཡར་ཀླུང་རྟོལ་མ་གསོ་ཚགས་བྱེད་པའི་བསམ་བློ་འཁོར་བྱུང”ཞེས་བཤད།

“ཕ་སྦྱོར་བྱས་ནས་གསོན་རྗེས། མཉམ་ལས་ཁང་གིས་ཟླ་18ནས་24བར་གྱི་བེའུ་ཐད་ཀར་གཙོ་ཁྲིད་ཁེ་ལས་ལ་བཙོངས་ན། ཡོང་འབབ་མི་དམན་པ་ཞིག་རགས་པ་མ་ཟད། ད་དུང་སྲིད་གཞུང་གིས་ཁ་གསབ་སྤྲོད་ཀྱི་འདུག”ཅེས་བཤད། རྒྱ་ཚ་རྫོང་ཕྱུགས་ནད་རིམས་འགོག་ས་ཚིགས་ཀྱི་ཀྲན་ཀྲང་པད་མ་དབང་ཆེན་གྱིས། ཕ་སྦྱོར་མཛོ་མོ་རེར་ཁ་གསབ་སྒོར་200དང་། གཟན་རྩྭའི་ཁ་གསབ་སྒོར་100 མཛོ་མོ་རེར་གཟན་རྩྭའི་ཁ་གསབ་སྒོར་500 སྦྲུམ་མེད་པའི་མཛོ་མོ་རེར་ཁ་གསབ་སྒོར་300བཅས་སྤྲོད་ཀྱི་ཡོད་ཅེས་བརྗོད་བྱུང་།

ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་ཁྲི་317.4116བཏང་བའི་ནང་རྣམ་གྲངས་ལ་ཞུགས་མཁན་དུད་ཚང་དང་མཉམ་ལས་ཁང་གི་ཁ་གསབ་ཁག་4ལ་སྒོར་ཁྲི་148དང་། ཕ་སྦྱོར་མི་སྣའི་ཁ་གསབ་2ལ་སྒོར་ཁྲི་31 ཕ་སྦྱོར་བྱ་ཡུལ་བསྐྱར་སྐྲུན་རྒྱས་སྐྲུན་ལ་སྒོར་ཁྲི་59བཅས་བཏང་ཡོད།

རྒྱལ་ཁབ་ཀྱིས་མ་དངུལ་རོགས་སྐྱོར་བྱེད་པའི་ཁར། རྒྱ་ཚ་རྫོང་གིས་རྫོང་ཡོངས་ཀྱི་ལག་རྩལ་སྟོབས་ཤུགས་བསྡུ་སྒྲིལ་བྱས་ནས་རྫོང་དང་ཤང(གྲོང་རྡལ)གི་འབྲེལ་ཡོད་ལག་རྩལ་མི་སྣ་དང་གཞི་རིམ་གྱི་ཕུལ་བྱུང་ཕྱུགས་རིགས་སྨན་པའི་ལས་དོན་པ་སྒྲིག་འཛུགས་བྱས་ཏེ་ལག་རྩལ་འདེགས་སྐྱོར་ཚོགས་ཆུང་བཙུགས་པ་མ་ཟད། ཁོང་ཚོར་མི་ཐབས་ཁམས་དཀར་སྦྱོར་སྟངས་དང་། བདེ་ཐང་གསོ་ཚགས། ནད་ཡམས་སྔོན་འགོག་དང་ཚོད་འཛིན། གཟན་རྩྭ་འདེབས་འཛུགས་ལས་སྣོན་སོགས་འགག་རྩའི་ལག་རྩལ་ལས་དོན་སྤེལ་ཁར། དུས་མཚུངས་སུ་ས་ཞིང་དང་། ཁྲལ་བསྡུ། དངུལ་རྩ། ཤེས་ལྡན་མི་སྣ། གཟན་ཆག་སོགས་ཀྱི་རོགས་སྐྱོར་སྲིད་ཇུས་བཟོས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་འབྲི་གཡག་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། ཡར་ཀླུང་རྟོལ་མའི་ཐོན་ལས་རྒྱ་སྟོབས་ཀྱང་ཆེ་རུ་བཏང་བ་རེད།

ཚན་རྩལ་སྔོན་ལ་འཇོག་པ་དང་དཔེ་སྟོན་སྣེ་ཁྲིད་མཐའ་འཁྱོངས་བྱས་པ།

མཉམ་ལས་ཁང་གིས་ཡར་ཀླུང་རྟོལ་མ་གཅིག་སྡུད་གསོ་ཚགས་བྱེད་ཀྱི་ཡོད་ལ། ཞིང་དུད་ཀྱིས་ཀྱང་ཁ་ཐོར་གསོ་ཚགས་བྱེད་ཀྱི་ཡོད། བསོད་ནམས་རྒྱལ་མཚན་གྱི་ཁྱིམ་ཚང་འབྲོག་ར་ནས་ཐོན་ཏེ། བཅར་འདྲི་ཚོགས་ཆུང་རྒྱ་ཚ་རྫོང་རྒྱ་ཚ་གྲོང་རྡལ་བརླན་སྨད་གྲོང་ཚོ་ཨུ་ལྷན་དུ་སྐྱོད་སྐབས། གྲོང་མི་ཁྲ་སིལ་གྱིས་མཛོ་མོ་ཁྲིད་དེ་གྲོང་ཚོ་ཨུ་ལྷན་དུ་ཕ་སྦྱོར་བྱེད་པར་སླེབས་འདུག་ཅིང་། རྒྱ་ཚ་རྫོང་གི་གྲོང་ཚོ་རིམ་པའི་སྲོག་ཆགས་ཀྱི་རིམས་འགོག་དང་ཕ་སྦྱོར་ལས་དོན་པ་དཔའ་ལྡན་ཡེ་ཤེས་ཀྱིས་མི་ཐབས་ལ་བརྟེན་ནས་བརླན་སྨད་གྲོང་ཚོའི་མཛོ་མོར་ཕ་སྦྱོར་བྱེད་བཞིན་འདུག

ཡར་ཀླུང་རྟོལ་མའི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། གཞི་རིམ་གྱི་ལག་རྩལ་མི་སྣའི་ལས་སྒོའི་བྱང་ཚད་མཐོ་རུ་གཏོང་བ། ལས་ཀའི་སྤུས་ཚད་ལེགས་སུ་གཏོང་བ་བཅས་བྱེད་ཆེད། རྒྱ་ཚ་རྫོང་གིས་ལག་རྩལ་འདེགས་སྐྱོར་མ་ལག་དང་ལེ་ལག་ཚང་བའི་ཞབས་འདེགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་མ་ཟད། ལག་རྩལ་མི་སྣ་ཁག་བགོས་སྒྲིག་འཛུགས་བྱས་ཏེ་རང་སྐྱོང་ལྗོངས་འབྲོག་ལས་སྤྱི་ཁྱབ་ས་ཚིགས་ཀྱི་འབྲི་གཡག་དཔལ་འབྱོར་རྒྱུད་འདྲེས་དཔེ་སྟོན་རྟེན་གཞིར་འབྲེལ་ཡོད་ལག་རྩལ་སྦྱོང་བར་བཏང་བ་རེད།

མིག་སྔའི་བར་རྒྱ་ཚ་རྫོང་གིས་ཁྱོན་ཚན་རྩལ་ཆེད་མངགས་པ་154གསོ་སྦྱོང་བྱས་པ་དང་མི་ཐབས་ཁམས་དཀར་སྦྱོར་སྟངས་ཁོང་དུ་ཆུད་པ་དང་འབྲེལ། གཞི་རིམ་ཕ་སྦྱོར་པ་50ལྷག་ཙམ་ལ་ལྗོངས་འབྲོག་ལས་སྤྱི་ཁྱབ་ས་ཚིགས་ཀྱིས་སློབ་མཇུག་འགྲིལ་བའི་ལག་ཁྱེར་སྤྲད་ཡོད། དེ་ཡང་ལྗོངས་ཡོངས་ཀྱི་ཨང་དང་པོ་རེད།

ཐོན་ལས་ཕྱུག་འགྱུར་མཐའ་འཁྱོངས་ཀྱིས་ལེགས་བསྡུས་ཞིབ་གཉེར་གྱི་རྒྱུན་མཐུད་ལམ་བུར་བསྐྱོད་པ།

རྒྱ་ཚ་རྫོང་དུ་སྐྱོད་སྐབས་གཙང་པོའི་ངོགས་གཉིས་རི་བོས་བསྐོར་ཅིང་། ཆར་ཆུ་འབེལ་བ་དང་སྔོ་ཁེབས་ཕུན་སུམ་ཚོགས་པས་ནགས་ཚལ་ཁྱབ་ཚད་30.35%ཟིན་ཡོད། དེར་བརྟེན། ས་གནས་མང་ཚོགས་ཚོས་མཛོ་གསོ་བར་དགའ་པོ་བྱེད།

ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་ཚ་རྫོང་ནི་ལྷོ་ཁ་གྲོང་ཁྱེར་གྱི་ལག་ཡོད་མཛོ་མང་ཤོས་ཀྱི་རྫོང་ཡིན་པ་དང་2020ལོའི་ལོ་མཇུག་བར་རྫོང་ཡོངས་སུ་ལག་ཡོད་མཛོ་མགོ་གྲངས་5720ཟིན་པ་དེས་ལྷོ་ཁ་གྲོང་ཁྱེར་གྱི་50%ཡན་བཟུང་ཡོད།

—— 2019ལོར་རྒྱ་ཚ་རྫོང་གིས་ཁྱོན་འབྲི་གཡག་དཔལ་འབྱོར་རྒྱུད་འདྲེས་ཕ་སྦྱོར་བྱ་ཡུལ་9བཙུགས་ནས་མཛོ་མོ་347ལ་ཕ་སྦྱོར་བྱས་པ་དང་མངལ་འཁོར་ཚད་78.1%ཟིན་ཡོད། ཡར་ཀླུང་རྟོལ་མ་མགོ་གྲངས་213ཟིན་པ་དང་བེའུ་གསོན་ཚད་94.8%ཟིན་ཡོད། བེའུ་བཙོངས་པའི་དངུལ་དང་རང་སྐྱོང་ལྗོངས་ཀྱི་ནོར་སྲིད་ཁ་གསབ་ཡོང་འབབ་ཁྱོན་སྒོར་ཁྲི་102བྱུང་ཡོད། རྣམ་གྲངས་དེ་དང་འབྲེལ་བ་ཡོད་པའི་མང་ཚོགས་དུད་ཚང་180ལ་ཆ་སྙོམས་བྱས་ན་དུད་ཚང་རེར་ཡོང་འབབ་སྒོར་5681.4བྱུང་ཡོད།

—— 2020ལོར་ཚོད་ལྟའི་ལས་དོན་ལ་གྲུབ་འབྲས་ཐོབ་པའི་རྨང་གཞིའི་ཐོག་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་འབྲི་གཡག་དཔལ་འབྱོར་རྒྱུད་འདྲེས་ལས་དོན་ཁྱབ་གདལ་བཏང་བ་དང་། ཁྱོན་བསྡོམས་མཛོ་མོ་826ལ་ཕ་སྦྱོར་བྱས་ཏེ། ཕ་སྦྱོར་གྱི་གྲངས་འབོར་དེ་ལོ་དེའི་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

—— 2021ལོར་ལྷོ་ཁ་གྲོང་ཁྱེར་གྱིས་རྒྱ་ཚ་རྫོང་ལ་འབྲི་གཡག་མགོ་གྲངས་2000ཡི་དཔལ་འབྱོར་རྒྱུད་འདྲེས་ལས་འགན་སྤྲད་པ་དེས་ལྷོ་ཁ་གྲོང་ཁྱེར་གྱི་ལས་འགན་ཧྲིལ་པོའི་བསྡོམས་འབོར་གྱི་66.7%བཟུང་བ་དང་སྔོན་དཔག་བྱས་ན་བེའུ་བཙོངས་པའི་ཡོང་འབབ་དང་ཁ་གསབ་སྣ་ཚོགས་ལས། རྒྱ་ཚ་རྫོང་གི་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་510ཙམ་བྱུང་ཡོད།

གཙོ་གནད་ཚོད་ལྟའི་ཚན་པ་རྒྱ་ཚ་རྫོང་འབྲི་གཡག་དཔལ་འབྱོར་རྒྱུད་འདྲེས་ལས་དོན་ལ་གྲུབ་འབྲས་བཟང་པོ་ཐོབ་ནས་འབྲི་གཡག་དཔལ་འབྱོར་རྒྱུད་འདྲེས་ལེགས་བསྡུས་ཞིབ་གཉེར་རྣམ་པ་དང་། རྒྱུན་མཐུད་འཕེལ་རྒྱས་རྣམ་པའི་ལམ་བུར་བསྐྱོད་དེ། ལྷོ་ཁ་གྲོང་ཁྱེར་དང་ཐ་ན་ལྗོངས་ཡོངས་ཀྱི་ཚགས་ཤ་ཐོན་ལས་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ་དང་། ཉམས་མྱོང་གསོག་འཇོག་ཁུལ། དཔེ་དབྱིབས་འཚོལ་ཞིབ་ཁུལ། ཕྱུག་འགྱུར་གྱི་དཔེ་སྟོན་ཁུལ་བཅས་སུ་གྱུར་ནས་རྫོང་ཡོངས་ཀྱི་ཞིང་འབྲོག་ལས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བ་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ལ་སྐུལ་འདེད་གཏོང་བར་འདེགས་སྐྱོར་ནུས་ལྡན་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།