​ཀོང་ཏུང་དང་བོད་ལྗོངས་ཁྱིམ་ཚང་གཅིག་ལྟར་བརྩེ། ལྷད་མེད་རོགས་སྐྱོར་ལས་དམངས་ལ་དྲོ་སྐྱིད་སྦྱིན།

—— ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས་ཉིང་ཁྲིའི་ཞིང་འབྲོག་པར་དབུལ་ལོག་སྔོན་འགོག་གི་རོགས་སྐྱོབ་འགན་བཅོལ་ཉོས་པའི་སྐོར་བཀོད་པ།

“ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་ཐུགས་ཁུར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། 2021ལོའི་ཟླ་10པར་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀླུ་ནང་གྲོང་རྡལ་མོན་སྐྱིད་གྲོང་ཚོའི་གྲོང་མི་གནམ་གང་ཚེ་རིང་གིས་སེམས་འགུལ་ཐེབས་པའི་ངང་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པར་ཐུགས་རྗེ་ཆེ་ཞུ་བའི་གོས་དར་ཞིག་ཕུལ།

གནམ་གང་ཚེ་རིང་གི་ཁྱིམ་ནི་ཆབ་མདོའི་ས་ངན་ཡུག་ཁུལ་གྱི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་དུད་ཚང་ཞིག་ཡིན་ཞིང་། 2019ལོའི་ཟླ་10པ་ནས་ཀླུ་ནང་གྲོང་རྡལ་མོན་སྐྱིད་གྲོང་ཚོར་སྤོས་རྗེས་ཀླུ་ནང་གི“རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུའི”ཡུལ་སྐོར་ཐོན་ལས་དང་སྐྱེ་ཁམས་ལས་གནས་སོགས་ལ་ལས་ཞུགས་གཞན་སྒྱུར་བྱས་པས་འཚོ་བ་ཡང་ཉིན་རེ་བཞིན་ཇེ་ལེགས་སུ་ཕྱིན་ཡོད། འོན་ཀྱང་2021ལོའི་ཟླ་8པར་ཚ་མོ་གཉིས་ཕྱུགས་སྨན་ཟ་ནོར་ཤོར་ནས་མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་མ་ཐོན་པར་ཚེ་ལས་འདས་པས་ཁྱིམ་ཚང་དེ་རེ་ཞིག་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་།

ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་ཀླུ་ནང་ལས་དོན་ཚོགས་ཆུང་གིས་གནས་ཚུལ་དེ་ཤེས་འཕྲལ་གནམ་གང་ཚེ་རིང་དང་འབྲེལ་བ་བྱས། ཀླུ་ནང་ལས་དོན་ཚོགས་ཆུང་དང་ཀླུ་ནང་གྲོང་རྡལ་སྲིད་གཞུང་གིས་འབྲེལ་གཏུག་དང་མཐུན་སྦྱོར་ཧུར་ཐག་བྱས་པ་བརྒྱུད། གནམ་གང་ཚེ་རིང་ལ་འགན་བཅོལ་གུན་གསབ་སྒོར་ཁྲི་47རག་པ་རེད། གུན་གསབ་དངུལ་དེས་མྱུར་སྐྱོབ་དང་རྗེས་འཇུག་སོགས་ཀྱི་འགྲོ་གྲོན་ཁ་གསབ་ཐུབ་པ་མ་ཟད། ནང་མིའི་ངོས་ནས་བརྗོད་ན། དེ་ནི་སེམས་གསོ་དང་དྲོ་སྐྱིད་ཅིག་ཀྱང་རེད།

“གུན་གསབ་དངུལ་ནང་རང་སྐྱོང་ལྗོངས་དང་ཉིང་ཁྲི་གྲོང་ཁྱེར་རིམ་པ་གཉིས་ཀྱིས་ཐེམ་ཁུངས་བོད་ནས་ཡིན་པའི་མི་འབོར་ལ་བསམ་ཡུལ་ལས་འདས་པའི་གནོད་འཚེའི་འགན་བཅོལ་ཉོས་པ་ཚུད་ཡོད་ལ། བོད་སྐྱོར་ལས་དོན་རུ་ཁག་གིས་ཉིང་ཁྲི་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ལ་བསམ་ཡུལ་ལས་འདས་པའི་གནོད་འཚེའི་འགན་བཅོལ་ཉོས་པ་དང་དེ་བཞིན་ཀླུ་ནང་ལས་དོན་ཚོགས་ཆུང་གིས་ཀླུ་ནང་གྲོང་རྡལ་གྱི་ཞིང་འབྲོག་མང་ཚོགས་ལ་ཉོས་པའི‘གྲོང་གསེབ་དར་རྒྱས་འགན་བཅོལ’གྱི་ཚོང་ལས་འགན་བཅོལ་ཡང་ཚུད་ཡོད”ཅེས་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་རེད།

2021ལོའི་ཟླ་བཞི་པར། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་ཐུབ་རྒྱུར་སྐུལ་འདེད་བཏང་སྟེ། དབུལ་སྒྲོལ་ཐུབ་ནས་དབུལ་ལོག་ཐེབས་པ་དང་རོགས་སྐྱོར་བྱས་ཀྱང་དབུལ་པོ་མང་དུ་འགྲོ་བའི་དབུལ་སྐྱོར་གྱི་དཀའ་གནད་སེལ་བ་དང་། འགན་བཅོལ་གྱི“སྤྱི་ཚོགས་ཀྱི་བརྟན་ལྷིང་ཡོ་ཆས”ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་འཕྲལ་སྡོམ་རོགས་སྐྱོབ་འགན་བཅོལ་ལམ་ལུགས་འཛུགས་པ་དང་དབུལ་ལོག་སྔོན་འགོག་གི་ཕུགས་ཕན་ལམ་སྲོལ་འཛུགས་པ་བཅས་བྱ་ཆེད། ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས་སྒོར་ཁྲི་231བཏང་ནས་ཉིང་ཁྲི་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཁྲི་14ལ་དབུལ་ལོག་སྔོན་འགོག་གི་རོགས་སྐྱོབ་འགན་བཅོལ་ཉོས་པ་རེད། དེ་དང་ཆབས་ཅིག ཀོང་ཏུང་གི་གཙོ་གནད་བོད་སྐྱོར་རྣམ་གྲངས“ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུའི”འཕེལ་རྒྱས་ལ་དམིགས་ཏེ་ཀླུ་ནང་ལས་དོན་ཚོགས་ཆུང་གིས་སླར་ཡང་སྒོར་ཁྲི་3.5བཏང་ནས་ཀླུ་ནང་གྲོང་རྡལ་གྱི་ཞིང་འབྲོག་མང་ཚོགས་1701ལ“གྲོང་གསེབ་དར་རྒྱས་འགན་བཅོལ”གྱི་ཚོང་ལས་འགན་བཅོལ་ཉོས་ནས་ཞིང་འབྲོག་པར་རང་བྱུང་གནོད་འཚེའི་རོགས་སྐྱོབ་དང་། བསམ་ཡུལ་ལས་འདས་པའི་དོན་རྐྱེན་གྱི་རོགས་སྐྱོབ། འགོ་ནད་ཀ་པ་དང་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་བཅས་ཀྱི་ཁེ་དབང་འགན་ལེན་བྱས་པ་རེད།

2020ལོར་སྤོ་བོ་རྫོང་དུ་ཚོད་ལྟ་བྱས་པ་ནས་2021ལོར་སླེབས་སྐབས་དབུལ་ལོག་སྔོན་འགོག་གི་རོགས་སྐྱོབ་འགན་བཅོལ་ཉིང་ཁྲི་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་པ་ཚང་མར་ཁྱབ་པ་བྱས་པའི་བར་གྱི་སྐོར་གླེང་སྐབས་ཉིང་ཁྲི་གྲོང་ཁྱེར་གྲོང་གསེབ་དར་རྒྱས་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཅུས་ཀྲང་མཆོག་རྡོ་རྗེས“ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས་དབུལ་སྒྲོལ་འགག་སྒྲོལ་གྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཁྲི་14ལ་དབུལ་ལོག་སྔོན་འགོག་གི་རོགས་སྐྱོབ་འགན་བཅོལ་ཉོས་པས་དབུལ་ལོག་སྔོན་འགོག་ལ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་མ་ལག་འཛུགས་པར་ཕན་ཐོགས་ཡོད་ལ། ‘སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ’གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཐ་ན་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་པའི་རྗེས་མཐུད་རོགས་སྐྱོར་ལའང་ཕན་ཐོགས་ཡོད། དེ་ནི་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་གྲོང་གསེབ་དར་རྒྱས་ལ་རོགས་རམ་བྱེད་པའི་དྲོ་སྐྱིད་སྦྱིན་པའི་བྱ་ཐབས་དངོས་རེད”ཅེས་བརྗོད།

2021ལོའི་ཟླ་12ཚེས་31ཉིན་བར། ཀྲུང་གོ་མི་དམངས་རྒྱུ་ནོར་འགན་བཅོལ་མ་རྐང་ཚད་ཡོད་ཀུང་སི་ཉིང་ཁྲི་ཡན་ལག་ཀུང་སིས་དབུལ་ལོག་སྔོན་འགོག་རོགས་སྐྱོབ་འགན་བཅོལ་ནས་བསམ་ཡུལ་ལས་འདས་པའི་དོན་རྐྱེན་ནམ་ཡང་ན་འགྲིམ་འགྲུལ་ལས་འཛོལ་ཐོན་པའི་ཞིང་འབྲོག་པའི་གྱོད་གཞི་ཁག་14ལ་གུན་གསབ་སྒོར་ཁྲི་78.85སྤྲད་པ་དང་། ཉེན་ཁ་ཐོན་པའི་ས་ཆ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དང་། སྤོ་བོ་རྫོང་། སྨན་གླིང་རྫོང་། ཀོང་པོ་རྒྱ་མདའ་རྫོང་། མེ་ཏོག་རྫོང་། རྫ་ཡུལ་རྫོང་བཅས་ཚུད་ཡོད་པ་རེད།  །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།