ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

གཞིས་ཀ་རྩེ་གྲོང་ཁྱེར་གྱིས“འཛུགས་གཏོད་བཞི”ཡི་སྣེ་ཁྲིད་པ་བརྩོན་ལེན་བྱེད་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་གསར་པ་ཤར་བ་དང་སྦྲགས་ཐམས་ཅད་རྣམ་པ་གསར་པར་གྱུར། ལོ་གསར་པའི་ཚོགས་འདུ་གཟབ་རྒྱས་འདིར་ལྗོངས་ཡོངས་ཀྱི་ལས་རིགས་ཁག་དང་འཐབ་ཕྱོགས་ཁག་ནས་ཕེབས་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་ལྗོངས་ཡོངས་ཀྱི་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཐུགས་ལ་བཅངས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད། གྲོས་འགོ་ཡག་པོ་འདོན་པ་དང་། ཐབས་བཟང་འབུལ་བ། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ། མཉམ་ཤུགས་གཅིག་འདུས་བཅས་གནང་ཡོད།

“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞི”ཡི་ཁྲོད་དུ་གཞིས་རྩེའི་འགན་འཁྲི་འཁུར་སེམས་དང་ལེགས་སྐྱེས་འབུལ་སེམས་ཇི་ལྟར་མངོན་པར་བྱེད་དགོས་མིན་ཐད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ཀྲུའོ་ཧྥུང་གིས། “འགག་རྩ་ནི་གཞིས་རྩེའི་དོན་དངོས་དང་ཟུང་འབྲེལ་གྱིས་དོན་འཁྱོལ་ལ་དམ་འཛིན་ལྷོད་མེད་བྱེད་པར་ཐུག་ཡོད། ཞིབ་ཕྲ་བཤད་ན་དམ་པ་དོན་གཉེར་དང་ཡར་རྒྱས་བརྩོན་ལེན་བྱས་ཏེ་འཐབ་ཇུས་དང་སྲིད་ཇུས་ཀྱི་གོ་སྐབས་སྣ་མང་དང་། ཚབ་བྱེད་ཐབས་འབྲལ་བའི་ས་བབ་ཀྱི་ལེགས་ཆ། ཕྱོགས་ཡོངས་དང་ཕུལ་དུ་བྱུང་བའི་ཐོན་ཁུངས་ཀྱི་དམིགས་བསལ་ལེགས་ཆ། སྲ་ཞིང་བརྟན་ལ་བློས་འགེལ་ཆོག་པའི་ལོ་རྒྱུས་ཀྱི་རྨང་གཞི་བཅས་ལ་བརྟེན་ནས་ཚད་བརྒལ་བྱེད་ཕོད་པ་དང་རང་ཉིད་ལ་གནོན་ཤུགས་སྤྲོད་པ་དང་སྙིང་རུས་རྒྱུན་འཁྱོངས་ཀྱིས‘འཛུགས་གཏོད་བཞི’ཡི་སྣེ་ཁྲིད་པ་བརྩོན་ལེན་བྱེད་དགོས”ཞེས་གསུངས།

དེ་ཡང་ཞིབ་པར་བཤད་ན། གཅིག་ནས་རྣམ་གྲངས་ལ་མ་དངུལ་འཇོག་པའི་ཐད་ཀྱི“སྣེ་ཁྲིད་པ”ཡག་པོ་བྱེད་དགོས། མ་དངུལ་དང་རྣམ་གྲངས་འཆར་འགོད་དང་ཞིབ་མཆན་འགོད་པའི་མཐུན་སྦྱོར་ལམ་སྲོལ་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། སྤྱོད་སྒོ་དང་། ཡོངས་ཁུངས། གཙོ་རྒྱུ་འགན་ལེན་བཅས་ཁ་གསལ་བཟོ་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་རིགས་པས་ཁུངས་སྐྱེལ་དང་། དཔྱད་དཔོག་ནན་ཏན། ཞིབ་མཆན་ནན་འགོད་བཅས་བྱས་ཏེ“རྣམ་གྲངས་གསལ་ཐོ་ཅན་དང་། གསལ་ཐོ་མཚམས་ཚིགས་ཅན། མཚམས་ཚིགས་འགན་འཁྲི་ཅན། འགན་འཁྲི་དུས་ཐོག་ཅན”བཅས་ལ་སྐུལ་འདེད་གཏོང་དགོས་པ་དང་། གཉིས་ནས་ཐོན་ལས་འཕེལ་རྒྱས་ཐད་སྔོན་དུ་སྐྱོད་དགོས། གཙོ་ཁྲིད་ཐོན་ལས་སྐྱེ་ལྡན་གསོ་ཚགས་འདེབས་འཛུགས་དང་། འཕར་འབོར་གྱི་བྱེད་པོ་གསར་པ་ནུས་རྒྱུ་དང་གཏེར་ལས། སྣེ་འདྲེན་ཐོན་ལས་རིག་གནས་ཡུལ་སྐོར་བཅས་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། གསུམ་ནས་སྒྱུར་བཅོས་སྒོ་དབྱེའི་ཐད་སྔོན་ལ་སྐྱོད་དགོས། མུ་མཐུད་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། སྒོ་དབྱེ་མཉམ་ལས་མུ་མཐུད་ཟབ་ཏུ་གཏོང་བ། འགག་སྒོའི་དཔལ་འབྱོར་དར་རྒྱས་གཏོང་བ་བཅས་བྱེད་དགོས། བཞི་ནས་སྐྱེ་ཁམས་འཛུགས་སྐྱོང་ཐད་སྔོན་ལ་སྐྱོད་དགོས། སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པ་དང་། སྐྱེ་ཁམས་ཀྱི་རིན་ཐང་བརྗེ་སྒྱུར་ལ་སྐུལ་འདེད་གཏོང་བ། འབྱུང་འཕྲོད་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་བ། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་འཛུགས་པ་བཅས་བྱེད་དགོས། ལྔ་ནས་མཐའ་སྟོབས་མཐའ་བརྟན་ཐད་སྔོན་ལ་སྐྱོད་དགོས། མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་ལེགས་གཏོང་རིམ་སྤོར་མགྱོགས་སུ་གཏོང་བ་དང་། མཐའ་མཚམས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་བ། མཐའ་མཚམས་དོ་དམ་ཚོད་འཛིན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བཅས་བྱེད་དགོས། དྲུག་ནས་མི་རིགས་མཐུན་སྒྲིལ་ཐད་སྔོན་ལ་སྐྱོད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་གཙོ་རྐང་དུ་བྱས་ཏེ། དུས་བབ་གསར་པར་མི་རིགས་ལས་དོན་ཡག་པོ་བསྒྲུབས་ནས་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་རྒྱ་ཁྱབ་ཡོང་བར་སྐུལ་འདེད་གཏོང་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།