ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལིའུ་ཅང་དང་། ཝང་ཝུའེ་ཏུང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཕུར་བུ་དོན་གྲུབ། ཀརྨ་ཚེ་བརྟན་བཅས་སོ་སོར་འཐུས་མི་ཚོགས་པའི་ཚོགས་ཆུང་ཁག་བགོས་ཀྱི་གྲོས་ཞིབ་ནང་ཞུགས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚོགས་འདུ་གཉིས་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལིའུ་ཅང་དང་། ཝང་ཝུའེ་ཏུང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཕུར་བུ་དོན་གྲུབ། ཀརྨ་ཚེ་བརྟན་བཅས་སོ་སོས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་འབྲེལ་ཡོད་འཐུས་མི་ཚོགས་པར་འཐུས་མི་དང་མཉམ་དུ་གྲོས་ཞིབ་གནང་བ་རེད།

ལིའུ་ཅང་ཆབ་མདོའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། ལྗོངས་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་ངེས་པར་དུ་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བ་གཙོ་རྐང་དུ་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ། ཏང་གིས་སྲིད་ཁྲིམས་ལས་དོན་ལ་འགོ་ཁྲིད་གཙང་བཙན་མཐའ་འཁྱོངས། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་མཐའ་གཅིག་ཏུ་སྲུང་སྐྱོང་། གྲོང་ཁྱེར་ཁོངས་གཏོགས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། སྤྱི་ཚོགས་དྲང་གཞག་དང་དྲང་བདེན་ལ་སྲུང་སྐྱོང་དང་སྐུལ་འདེད་གཏོང་བ། དུས་བདེའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་ནུས་པ་དང་བྱང་ཚད་མཐོ་རུ་ཤུགས་ཆེན་གཏོང་བ་བཅས་བྱས་ནས། སྲིད་ཁྲིམས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་བ་རེད།

ཝང་ཝུའེ་ཏུང་གཞིས་རྩེའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་འཆང་བའི་རེ་འདོད་འབད་འཐབ་དམིགས་ཚད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། སྡོད་ཁང་དང་། སློབ་གསོ། སྨན་བཅོས། སྲིད་ཇུས་རང་བཞིན་གྱི་ཁ་གསབ་སོགས་མི་སེར་ཚོས་དོ་ཁུར་ཆེ་ཤོས་བྱེད་པའི་ཁྱབ་ཁོངས་ལ་དམ་པོར་དམིགས་དགོས་པ་དང་། སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་དང་ས་བབ་མཐོ་བའི་ཞིང་འབྲོག་ཁུལ་གྱི་ཚ་ཁྲི་སོགས་དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་མ་ཟད། “སྒྲུབ་དགོས་ཟེར་ན་སྒྲུབ་དགོས་པ་དང་། འཕྲལ་མར་སྒྲུབ་དགོས་པ། ཡག་པོ་སྒྲུབ་དགོས་པ། གྲུབ་འབྲས་ཐོན་པའི་ངང་སྒྲུབ་དགོས་པ”བཅས་ཀྱི་ལས་དོན་གྱི་བླང་བྱའང་བཏོན་གནང་བ་ལས། རང་སྐྱོང་ལྗོངས་སྲིད་གཞུང་གི་དངོས་སྒྲུབ་ཀྱི་ལས་ཀའི་རྣམ་འགྱུར་དང་དོན་འཁྱོལ་ལ་དམ་འཛིན་གྱི་ལག་ལེན་བསྟར་ནུས་མཚོན་གྱི་ཡོད་ཅེས་གསུངས་པ་རེད།

དབང་ཧའེ་ཀྲོའུ་ཆབ་མདོའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་དང་། ལྷག་པར་དུ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་གོ་སྐབས་སུ་བཟུང་སྟེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བླང་བྱ་ལག་བསྟར་ཡག་པོ་དང་། མི་དམངས་ཀྱི་ལངས་ཕྱོགས་བརྟན་པོར་སྲུང་བ། མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ། རིག་གནས་དམངས་ཕན་འདུ་འགོད་དང་གྲངས་འཛིན་བོད་ལྗོངས་འཛུགས་སྐྲུན་མགྱོགས་པོ། སྤྱི་པའི་རིག་གནས་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་སྲོལ་ཡིག་དོན་འཁྱོལ་དམ་འཛིན་བྱ་གཞིར་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་བཅས་བྱས་ཏེ། གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས་པ་དང་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་བསྟན་གནང་བ་རེད།

ལའེ་ཅའོ་ལྷ་སའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། ལྷ་ས་གྲོང་ཁྱེར་གྱིས་ལྟེ་བའི་གྲོང་ཁྱེར་གྱི་གནས་རིམ་དང་པོའི་གནས་ཚད་མཐོ་རུ་གཏོང་བ་དང་། གྲོང་ཁྱེར་གྱི་འཆར་འགོད་དང་། འཛུགས་སྐྲུན། དོ་དམ་བཅས་ལ་ཤུགས་སྣོན་རྒྱག་པ། སྔར་ལས་ལྷག་པའི་སྒོ་ནས་བཀོད་པ་ལེགས་སུ་གཏོང་བ་དང་། ནུས་པ་འཐུས་སྒོ་ཚང་དུ་གཏོང་བ། མི་འབོར་གཅིག་སྡུད་བཅས་བྱས་ཏེ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐད་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བྱེད་དགོས་ཞེས་གསུངས་པ་རེད།

རེན་ཝེ་ལྷ་སའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། ལྗོངས་ཏང་ཨུད་ཀྱི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་བླང་བྱ་གཞིར་བཟུང་། དམིགས་ཚད་ལས་འགན་ཁག་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། སྤྱི་ཡོངས་དང་ངེས་གནས་སྟངས་འཛིན་གྱིས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས་ཤིང་། ལྟེ་བའི་གྲོང་ཁྱེར་དང་ཐོན་ལས་ཀྱི་ཐེག་ནུས་ལྗོངས་ཡོངས་ནས་ཆེ་ཤོས་ཡིན་པའི་ལྷ་སའི་ལེགས་ཆ་འདོན་སྤེལ་དང་། ཕྱི་ཕྱོགས་སུ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་མཚམས་ཚིགས་ཀྱི་ནུས་པ་འདོན་སྤེལ། ནང་ཁུལ་དུ་ཁྱབ་འགྱེད་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བཅས་བྱས་ནས་གསར་གཏོད་སྣེ་ཁྲིད་དང་དེ་བཞིན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་པ་རེད།

ཕུར་བུ་དོན་གྲུབ་ཆབ་མདོའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། ང་ཚོས“འཛུགས་གཏོད་བཞི་དང་མདུན་གྲལ་དུ་སླེབས་པ་བཞིའི”འབད་འཐབ་དམིགས་ཚད་ལ་དམ་པོར་དམིགས་ཏེ། བྱས་རྗེས་ཧུར་ཐག་འཇོག་པ་དང་འབད་འབུངས་ཡར་བརྩོན་གྱིས་དུས་རབས་གསར་པའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་གཞན་ལ་མིག་དཔེ་བསྟན་ནས། བོད་ཤར་རྒྱུད་ཀྱི་མུ་ཏིག་གི་བཀྲག་མདངས་རབ་ཏུ་འཚེར་བའི་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་གསུངས་པ་རེད།

ཀརྨ་ཚེ་བརྟན་མངའ་རིས་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་2021ལོའི་ལས་དོན་ལ་ཕྱོཌ་སྡོམ་དང་། ཕྱིར་དྲན། སྙིང་བསྡུས་བཅས་བྱས་པ་དང་། 2022ལོའི་ལས་དོན་ཚན་རིག་དང་མཐུན་པའི་ངང་འཆར་འགོད་དང་བཀོད་སྒྲིག་བྱས་པ་དེ། ཚུགས་གནས་མཐོ་བ་དང་། བསམ་ཕྱོགས་ཁ་གསལ། དམིགས་ཚད་ཁ་གསལ། བྱ་ཐབས་ཏན་ཏིག་བཅས་ཡོད་པས། གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་པའི་སྒུལ་ཤུགས་ཆེན་པོ་སྔར་ལས་ལྷག་པའི་སྒོ་ནས་ཆེ་རུ་འགྲོ་ངེས་རེད་ཅེས་གསུངས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།