བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས6ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ་རེད།

ཚོགས་འདུར་ཞུགས་དགོས་པའི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་57ཡོད་པ་དང་དངོས་སུ་ཞུགས་མཁན་52ཡོད་པ་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་ཅུན་ཀྲེང་དང་། ལིའུ་ཅང་། དབང་ཧའེ་ཀྲོའུ། ལའེ་ཅའོ། ཕུར་བུ་དོན་གྲུབ། ཟླ་བ་ཚེ་རིང་། ཏིང་ཡེ་ཤན། ནོར་བུ་དོན་གྲུབ། རྡོ་ཐོགས། བསྟན་ཁོ། འོད་ཟེར། བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན། ཉི་མ་ཚེ་རིང་། ཅི་གོ་ཀང་། མཱ་ཧྲེང་ཁྲང་། ཝང་ཅུན། ཞུས་ཁྲེང་ཚང་། ཐང་མིང་དབྱིང་། ལིའུ་ཀོང་ཤུས་བཅས་ཚོགས་འདུར་ཞུགས་ཡོད་པ་དང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་དང་། ཁྲིམས་ཁང་གི་ལས་དོན་སྙན་སྒྲོན། ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་བཅས་ལ་གྲོས་ཞིབ་བྱས་ཚུལ་སྐོར་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཚོགས་ཆེན་གྱི་དྲུང་ཆེ་ཏིང་ཡེ་ཤན་གྱི་སྙན་ཞུ་གསན་པ་དང་། འཐུས་མིས་བཏོན་གནང་བའི་གྲོས་གཞི་དང་གྲོས་འགོའི་གནས་ཚུལ་སྐོར་གྱི་ཚོགས་ཆེན་དྲུང་ཡིག་ཁྲུའི་སྙན་ཞུ་གསན་པ་རེད།

ཚོགས་འདུའི་ཐོག རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་འཆར་ཟིན་དང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་འཆར་ཟིན། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་འཆར་ཟིན་བཅས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། གོང་གསལ་གྲོས་ཆོད་འཆར་ཟིན་གསུམ་པོ་དེ་དག་འཐུས་མི་ཚོགས་པ་ཁག་ལ་བཀྲམ་ནས་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།