ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པ་རྒྱལ་ཁའི་ངང་གྲོལ་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དུས་ཡུན་ཉིན་བཞི་ཡིན་པའི་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་ཟླ1པའི་ཚེས6ཉིན་གྱི་ཕྱི་དྲོར་རྒྱལ་ཁའི་ངང་གྲོལ་བ་རེད།

ཝང་ཅུན་ཀྲེང་དང་། བློ་བཟང་རྒྱལ་མཚན། ཡན་ཅིན་ཧའེ། ཁྲེན་ཡུང་ཆི། ལིའུ་ཅང་། ཝང་ཝུའེ་ཏུང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཕུར་བུ་དོན་གྲུབ། ཟླ་བ་ཚེ་རིང་། ལེགས་མཆོག པ་སངས་སོགས་ཚོགས་ཆེན་ལ་ཞུགས་ཏེ། སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པ་རྒྱལ་ཁའི་ངང་གྲོལ་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་མཇུག་འགྲིལ་གསུང་བཤད་གནང་བ་རེད།

རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལེ་ཀུའེ་ལུང་གིས་མཇུག་འགྲིལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀརྨ་ཚེ་བརྟན་དང་། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། རྫོང་ལོ་བྱམས་པ་མཁས་གྲུབ། ས་ལུང་ཕུན་ལགས། རྡོ་རྗེ་ཚེ་སྒྲུབ། བསོད་ནམས་རིག་འཛིན། ངག་དབང་། ཅང་ཅེ། པད་མ་དབང་འདུས། ཝང་ཡ་ལིན། སངས་རྒྱས་གྲགས་པ། བཀྲ་ཤིས་ཟླ་བ། རྒྱ་མཚོ་ལྷ་མོ་བཅས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད་པ་དང་། སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།

ཆུ་ཚོད་16ཙམ་དུ། ལེ་ཀུའེ་ལུང་གིས་མཇུག་འགྲིལ་ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་ཞིང་། ཁོང་གིས་དང་ཐོག་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་ཚོགས་ཞུགས་ཨུ་ཡོན་ཡོངས་ཀྱི་ཚབ་ཞུས་ནས། ཧྲུའུ་ཅི་ཝང་ཅུན་ཀྲེང་སོགས་རང་སྐྱོང་ལྗོངས་ཏང་སྲིད་དམག་གི་འགོ་ཁྲིད་བློ་མཐུན་དང་། དེ་བཞིན་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་རྒན་གྲས་བློ་མཐུན་ལེགས་མཆོག་དང་པ་སངས་ཚོགས་འདུར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཚོགས་ཆེན་ཐོག《རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་གྲོས་ཆོད》དང་། 《སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྙན་སྒྲོན་སྐོར་གྱི་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་གྲོས་ཆོད》 《སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་གྲོས་གཞིའི་ཞིབ་བཤེར་གནས་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན》 《སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་ཆབ་སྲིད་གྲོས་ཆོད》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

ཀྲོང་ཡན་གྱིས་གསུངས་དོན། ཚོགས་འདུའི་རིང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་སོགས་ཏང་སྲིད་དམག་གི་འགོ་ཁྲིད་བློ་མཐུན་འགོ་ཚུགས་ཚོགས་འདུ་དང་མཇུག་འགྲིལ་ཚོགས་འདུར་ཞུགས་པ་དང་། རིགས་ཁོངས་ཁག་གི་ཚོགས་ཆུང་ཁྲོད་ཟབ་སྐྱོད་གནང་སྟེ་ཨུ་ཡོན་ཚོར་གཟིགས་པ་དང་སྦྲགས། གྲོས་བསྡུར་ནང་ཞུགས་པ་དེ་ཐོག་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྲིད་གྲོས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་། སྲིད་གྲོས་ཀྱི་ཨུ་ཡོན་ཚོར་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་གང་ལེགས་མངོན་ཡོད་ལ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བརྩེ་བ་ཟབ་མོས་དམངས་ཀྱི་འདུན་པ་ཉན་པའི་དམངས་གཙོའི་སྤྱོད་ཚུལ་དང་གྲོས་མོལ་དམངས་གཙོ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པའི་དཔེ་སྟོན་ནུས་པའང་གང་ལེགས་མངོན་ཡོད། ཨུ་ཡོན་ཚང་མས་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་། སྲིད་ཞུགས་ཀྱི་སྤྲོ་སེམས་ཆེན་པོ། གཟབ་ནན་གྱི་ལས་ཀའི་སྤྱོད་ཚུལ་བཅས་ལ་བརྟེན་ཏེ་སྙན་སྒྲོན་ཁག་ལ་གྲོས་ཞིབ་དང་གྲོས་བསྡུར་གནང་ནས་འདེམས་བསྐོའི་ལས་འགན་ཁག་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད། “དོན་ཆེན་བཞི”དང་“འགན་ལེན་བཞི”ལ་དམ་པོར་དམིགས་པ་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞི”ལ་ཤུགས་སྣོན་བརྒྱབ་སྟེ་གྲོས་གཞི་འདོན་པ་དང་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་བ། ཚོགས་ཆུང་གྲོས་བསྡུར་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཇུས་འདོན་སྲིད་སྐྱོང་ཧུར་ཐག་དང་། ཡོངས་ཁྱབ་ངང་ཐུན་མོང་གི་ངོས་འཛིན་གཅིག་སྡུད་བྱས་པར་གྲུབ་འབྲས་གལ་ཆེན་ཐོབ་ཡོད་ལ། སྲིད་གྲོས་ཀྱི་ཆེད་དམིགས་གྲོས་མོལ་སྒྲིག་གཞིའི་ཐུན་མིན་ལེགས་ཆ་སྔར་བས་འདོན་སྤེལ་དང་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་སྐྱེ་སྟོབས་ཆེན་པོའང་གང་ལེགས་མངོན་ཡོད།

འདི་ལོ་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་རྒྱུ་ཡིན་པ་དང་། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད། འདི་ལོ་ནི་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་འགོ་འཛུགས་ལོ་ཞིག་ཀྱང་ཡིན་པས། འདི་ལོའི་སྲིད་གྲོས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཁོངས་ཞུགས་ཚན་པ་ཁག སྲིད་གྲོས་ཀྱི་ཨུ་ཡོན་ཡོངས་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་ཀྱིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་སུ་བློ་སྟོབས་ཆེན་པོས་མདུན་སྐྱོད། ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་བ་ཞུ་བར་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་རྒྱུ་གཙོ་རྐང་དུ་འཛིན་པ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ལས་དོན་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བཅས་བྱས་ཏེ“དོན་ཆེན་བཞི”དང“འགན་ལེན་བཞི”ལ་དམ་པོར་དམིགས་པ་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞི”ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་བ། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་མཐའ་འཁྱོངས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཇུས་འདོན་སྲིད་སྐྱོང་དང་སྔར་ལས་ལྷག་པའི་སྒོ་ནས་ཐུན་མོང་གི་ངོས་འཛིན་གཅིག་སྡུད་བྱས་ཏེ་འབད་འཐབ་ཀྱི་ངར་ཤུགས་འཕེལ་བ་དང་འགན་འཁྲི་འཁུར་སེམས་མངོན་པར་བྱེད་དགོས།

ཀྲོང་ཡན་གྱིས་བླང་བྱ་བཏོན་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཁོངས་ཞུགས་ཚན་པ་ཁག སྲིད་གྲོས་ཀྱི་ཨུ་ཡོན་ཡོངས་བཅས་ཀྱིས་ཆབ་སྲིད་ཀྱི་རྩ་དོན་མཐོ་ཤོས་དམ་སྲུང་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས“སྲུང་སྐྱོང་གཉིས”ལག་བསྟར་བྱེད་དགོས། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། ལྟེ་བར་དམིགས་ཏེ་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འབད་འབུངས་མདུན་སྐྱོད་བྱེད་པའི་མཉམ་ཤུགས་ཆེན་པོ་རྒྱ་ཁྱབ་ངང་གཅིག་སྒྲིལ་བྱེད་དགོས། དམངས་དོན་པང་དུ་ལེན་པའི་བརྩེ་བ་སྐྱེད་སྲིང་གིས་འགོ་འཛུགས་ས་གསར་པའི་ཐོག་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་མཉམ་དུ་གཏོད་དགོས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་དུས་རབས་གསར་པའི་སྤུས་ཚད་མཐོ་བའི་འགན་སྒྲུབ་ཐད་སྲིད་གྲོས་ཀྱི་རྒྱུགས་ལན་ཡག་པོ་འབུལ་དགོས།

ཀྲོང་ཡན་གྱིས་ནན་བཤད་གནང་དོན། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པས། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་འཆར་འགོད་རླབས་པོ་ཆེ་བཏིང་ནས། གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་པའི་དུས་རབས་ཀྱི་དུང་བརྡ་བཏང་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་མི་དམངས་སྲིད་གྲོས་ཀྱི་འགན་འཁྲི་ལྕི་ལ་ལས་འགན་གཟི་བརྗིད་ལྡན་པ་ཞིག་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་སྟོན་ཞིབ་ཚགས། དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ། དྲང་ནུས་གཅིག་སྒྲིལ། ཀུན་སེམས་གཅིག་སྒྲིལ་བཅས་ཀྱི་སྒོ་ནས། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་མདུན་མཉམ་དུ་མངོན་འགྱུར་བྱེད་པར་བྱས་རྗེས་གསར་པ་བཞག་སྟེ་གཡུར་དུ་ཟ་བའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་དུ་ཚོགས་ཆེན་གྲོལ་བ་རེད།

ཀྲུའུ་ཞི་སྡིངས་ཆའི་ཐོག་ད་དུང་ཏིང་ཡེ་ཤན་དང་། ནོར་བུ་དོན་གྲུབ། རྡོ་ཐོགས། བསྟན་ཁོ། འོད་ཟེར། ཞུས་ཞུའེ་ཀོང་། བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན། ཉི་མ་ཚེ་རིང་། ཅི་གོ་ཀང་། མ་ཧྲེང་ཁྲང་། ཝང་ཅུན། ཞུས་ཁྲེང་ཚང་། ཐང་མིང་དབྱིང་། ལྕགས་རྭ་བློ་བཟང་བསྟན་འཛིན། རྒྱལ་མཚན། ཀྲང་ཡན་ཆིང་། མོང་ཞའོ་ལིན། འཇམ་དཔལ། ཀྲང་ཧུང་པོ། ཝང་ཡུང་། བསོད་དར། ཤཱ་ཁེ་ཆིན་སོགས་བཞུགས་ཡོད་པ་རེད།

ད་རེས་ཀྱི་ཚོགས་འདུར་གདན་ཞུས་ལྟར་ཟུར་ཞུགས་གནང་མཁན་གྱི་གྲས་སུ། བོད་དུ་བཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། ཨུ་ཡོན་མིན་པའི་ལྗོངས་སྲིད་གྲོས་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན། ས་ཁུལ(གྲོང་ཁྱེར)ཁག་གི་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།