ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་གཞིས་རྩེའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

9bed6d21-0ff9-4dbc-9762-a93d4a9832d8.jpg

ཟླ་1ཚེས་5ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་གཞིས་རྩེའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། འདི་ནི་ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས5ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་གཞིས་རྩེའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དང་བླང་བྱ་ཁག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ལྷོད་མེད་བྱས་ཏེ་བརྟན་ལྷིང་དང་།འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་ལས་དོན་ཁག་ཟམ་མི་ཆད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

གཞིས་རྩེའི་འཐུས་མི་ཚོགས་པའི་གྲོས་བསྡུར་གྱི་རྣམ་པ་འཁྲུག་ཆ་དོད་ཅིང་། ཀྲང་ཡན་ཆིང་དང་། ཀྲུའོ་ཧྥུང་། ཟླ་བ་སྒྲོལ་མ། ཐའོ་མིང་ཅུན། རྟ་མགྲིན་རྡོ་རྗེ། ཟླ་ཁྲུན། ཚེ་བཟང་། དབྱང་ཆན་ལི། ཞི་ཧྥུའུ་ཕིང་སོགས་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་། མཐའ་མཚམས་ས་ཁུལ་འཕེལ་རྒྱས། ལས་རིགས་སློབ་གསོ་འཕེལ་རྒྱས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས། མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་དང་གསར་སྤེལ་ཁུལ་འཛུགས་སྐྲུན་སོགས་ལ་དམིགས་ནས་གཏམ་བཤད་ཧུར་ཐག་སྤེལ་གནང་བ་རེད། ཝང་ཅུན་ཀྲེང་གིས་གཏམ་བཤད་ནན་ཏན་ངང་གསན་རྗེས། ཚང་མ་དང་མཉམ་སྒུལ་སྤེལ་རེས་ཡང་སེ་གནང་བ་རེད།

ཝང་ཅུན་ཀྲེང་གིས་གཞིས་རྩེའི་འདས་ཟིན་པའི་ལོ་གཅིག་རིང་གི་ལས་དོན་ལ་ཁས་ལེན་གནང་ཞིང་། ཁོང་གིས་གཞིས་རྩེའི་འཐབ་ཇུས་གནས་བབ་གལ་འགངས་ཆེ་བ་དང་། ས་བབ་ཀྱི་ལེགས་ཆ་མངོན་གསལ་དོད་པ། ཐོན་ཁུངས་ཀྱི་དམིགས་བསལ་ལེགས་ཆ་ཆེ་བ་བཅས་ཡོད་པས། རང་རྟོགས་ངང་གཞིས་རྩེའི་ལས་དོན་ཁག་སྤྱི་ཡོངས་ཀྱི་ཁྲོད་དུ་བཞག་ནས་བསམ་གཞིག་ཇུས་འགོད་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། ཉམས་མྱོང་སྔར་བས་ཕྱོགས་སྡོམ་དང་ཡང་འབད་བསྐྱར་འབད། མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས། སྐྱེ་ཁམས་བཟང་པོ། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་རྣམ་པ་བཟང་པོ་མུ་མཐུད་རྒྱུན་འཁྱོངས་བཅས་བྱས་ཏེ། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས།

ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། “སྲུང་སྐྱོང་གཉིས”ཆབ་སྲིད་ཀྱི་རྩ་དོན་ཆེ་ཤོས་དང་རྩ་བའི་ཆབ་སྲིད་ཀྱི་སྒྲིག་ལམ་ལ་བརྩི་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་གཏིང་ཟབ་བྱས་ནས། ལས་དོན་ཁག་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་སུ་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་མང་ཚོགས་ཚོས་གོ་ཐུབ་པའི་སྐད་ཆ་དང་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པར་བརྟེན་ནས་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་གཞི་རིམ་དུ་དྲིལ་བསྒྲགས་དང་མང་ཚོགས་ཀྱི་ཁྲོད་དུ་དྲིལ་བསྒྲགས་བྱས་ཏེ། ལས་བྱེད་མང་ཚོགས་ཚོས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་གཏན་ལ་འཁེལ་བའི་དམིགས་ཚད་ལས་འགན་དངོས་འབྲེལ་ཁོང་དུ་ཆུད་ཐུབ་པར་བྱས་ཏེ། དེ་བས་ལེགས་པའི་སྒོ་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

ཉེན་བརྡ་ཡུན་རིང་གཏོང་བ་དང་དོགས་ཟོན་ཡུན་གནས་མཐའ་འཁྱོངས་ཀྱིས་རྒྱུན་སྲིང་ལྷོད་མེད་ངང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱས་ཏེ། སྤྱི་ཚོགས་སྤྱི་ཡོངས་ཀྱི་ཞི་མཐུན་བརྟན་ལྷིང་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས། ཁྲིམས་སྐྱོང་གི་འདུ་ཤེས་ལ་ཤུགས་སྣོན་དང་། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས། སྣང་མེད་ལྷོད་གཡེང་གི་བསམ་བློ་ཁྱད་བསད། སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་རྒྱུན་མཐུད་མཐོ་རུ་གཏོང་བ། གཏོར་བཤིག་གི་བྱེད་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བ། ཁྲིམས་ལྟར་བོད་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། བརྟན་ལྷིང་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ཁག་དོན་འཁྱོལ་གནད་སྨིན་ཡོང་བར་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་བཟུང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་གཏིང་ཟབ་ཏུ་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྨང་གཞི་བརྟན་དུ་གཏོང་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་མཛད་ཕྱོགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཁྲིམས་ལྟར་ཆོས་ལུགས་ཀྱི་ལས་དོན་ལ་དོ་དམ་དང་། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། ཆོས་ལུགས་ཞི་དུལ་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ཀྱི་རྣམ་པ་བཟང་པོ་སྔར་བས་ཆགས་པར་བྱེད་དགོས།

བརྟན་ལྷིང་ཨང་དང་པོར་འཇོག་པ་དང་བརྟན་ཐོག་ཡར་འཕེལ་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་བྱས་ཏེ་ཐོན་ཁུངས་ཀྱི་ལེགས་ཆ་དང་ས་བབ་ཀྱི་ཁྱད་ཆོས་ལ་གཞི་ཚུགས་པ་དང་ལོ་རྒྱུས་ཀྱི་གོ་སྐབས་ལ་དམ་འཛིན་བྱས་ནས། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤྱི་ཡོངས་ཁྲོད་ཀྱི་གྲོང་ཁྱེར་ཆེ་གྲས་ཀྱི་ངོས་ནས། གཞིས་རྩེའི་འཐབ་ཇུས་འདེགས་སྐྱོར་གྱི་ནུས་པ་རང་རྟོགས་ངང་འདོན་དགོས། གཞི་ཁྱོན་དང་སྤུས་ཚད་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་དང་། ནུས་ལྡན་གྱི་མ་དངུལ་འཇོག་རྒྱ་ཆེ་རུ་ཧུར་ཐག་གཏོང་བ། ལྕགས་ལམ་དཔལ་འབྱོར་ཁུལ་ལ་མཉམ་འདྲེས་ཐུབ་པ། གསར་དར་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ། འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན། རིག་གནས་ཡུལ་སྐོར་ལས་རིགས་ལེགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ཚན་རིག་ལག་རྩལ་སྤྱོད་ཤུགས་ཆེ་རུ་གཏོང་བ། ཞིང་འབྲོག་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པ། རྣམ་གསར་གྲོང་ཁྱེར་གྲོང་རྡལ་ཅན་གྱི་གོམ་སྟབས་མགྱོགས་སུ་གཏོང་བ་བཅས་བྱས་ནས། ཐོན་ཁུངས་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་ལེགས་ཆར་སྒྱུར་གང་ཐུབ་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་དམངས་འཚོ་ལེགས་གཏོང་དང་། མི་སེམས་གཅིག་སྒྲིལ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བཅས་བྱས་ནས། ཐུན་མོང་འབྱོར་ཕྱུག་ལ་ཕན་འབྲས་དེ་བས་ཆེ་བ་ཐོན་པར་སྐུལ་འདེད་ཏན་ཏིག་གཏོང་དགོས།

ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་སྔོ་ལྗང་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། “སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ལག་ལེན་བསྟར་ནས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལ་ཤུགས་སྣོན་དང་། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་བ། འབྱུང་འཕྲོད་ཐོན་ལས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། སྐྱེ་ཁམས་མཛེས་པ་དང་། ཐོན་ལས་དར་བ། མི་སེར་ཕྱུག་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་གཞིས་རྩེ་བསྐྲུན་ནས། སྔོ་ལྗང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཞི་གདན་དུ་འགྱུར་བར་བྱེད་དགོས།

སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ནས་མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཐའ་མཚམས་ཀྱི་ཚོང་དོན་དང་ཟོག་འགྲེམས་ལས་རིགས་དང་འགག་སྒོའི་རྨང་གཞིའི་སྒྲིག་བཀོད་དང་བྱེད་ནུས་འཛུགས་སྐྲུན། མཐའ་མཚམས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཟམ་མི་ཆད་པར་ལེགས་སུ་གཏོང་བ། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་ཟམ་སྣེའི་བཙན་རྫོང་གཏོད་པ་བཅས་བྱས་ནས། རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་རིང་མིག་དཔེ་འདོན་པ་དང་མདུན་གྲལ་དུ་སྐྱོད་དགོས།

ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ཏེ། བྱ་གཞག་ཁག་འཕེལ་རྒྱས་གཏོང་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་ནམ་ཡང་ཚར་དུས་མེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་གཏོང་དགོས། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་མཐའ་འཁྱོངས་ཀྱིས“འཇོན་ནུས་ལ་གཞིགས་ནས་ལས་བྱེད་པ་སྤྱོད་པ་དང་གྲུབ་འབྲས་ལ་བརྟེན་ནས་དཔའ་བོ་གླེང་བའི”སྟོན་ཕྱོགས་གསལ་པོ་འཛུགས་པ་དང་། འཐབ་ས་དང་པོར་ལས་བྱེད་པ་གསོ་སྐྱོང་དང་། སྦྱོང་བརྡར། འདེམས་སྒྲུག བཀོལ་སྤྱོད་བཅས་བྱས་ཏེ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་དགོས། གཞི་རིམ་གྱི་རྨང་གཞིའི་སྒྲིག་འཛུགས་ནུས་པ་ཆེ་རུ་བཏང་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་ཏུ་སྐྲུན་དགོས། རྒྱུན་སྲིང་ལྷོད་མེད་ཀྱིས་ལས་ཀའི་སྤྱོད་ཚུལ་ལེགས་སུ་བཏང་སྟེ་དངོས་ཐོག་བདེན་འཚོལ་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ལས་ཀའི་ཕན་འབྲས་དངོས་ལ་བརྟེན་ནས་ལས་ཀའི་འཇོན་ནུས་དང་ཆུ་ཚད་ལ་ཞིབ་དཔྱད་བཅས་བྱས་ཏེ། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།