ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་བའི་སྟེང་ནས་རྒྱུས་ལོན་པ་ལྟར་ན།“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དུས་སུ་མ་དངུལ་སྒོར་དུང་ཕྱུར6015གཏོང་བའི་འཆར་གཞི་བཟོས་ཤིང་། དེ“ལོ་ལྔའི་འཆར་གཞི་བཅུ་གསུམ་པ”དང་བསྡུར་ན58%འཕར་ཡོད།
བོད་ལྗོངས་ཀྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་དངུལ་གཏོང་དེ“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རྨང་གཞིའི་སྟེང་འཕར་སྣོན་ཆེན་པོ་བྱུང་ཡོད་ཅིང་། དམངས་འཚོ་འགན་སྲུང་དང་ལེགས་བཅོས། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། གཞི་རིམ་སྲིད་དབང་། སྤྱི་ཚོགས་དོ་དམ་ནུས་ཤུགས་འཛུགས་སྐྲུན། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་སོགས་ཁྱབ་ཁོངས་ལ་གཙོ་གནད་དུ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་ལྷག་པར་རོགས་སྐྱོར་བྱ་རྒྱུ་རེད།
བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་རྗེས། རྒྱལ་ཁབ་ཀྱིས་མ་དངུལ་འབོར་ཆེན་བཏང་ནས། རྨང་གཞི་སྒྲིག་ཆས་རིགས་སོ་སོ་གསར་སྐྲུན་བྱས་པ་བརྒྱུད། བོད་ལྗོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་བཏང་། 1952ལོ་ནས2020ལོའི་བར་བོད་ལྗོངས་ཀྱིས་བསྡོམས་པས་སྤྱི་ཚོགས་གཏན་འཇགས་རྒྱུ་ནོར་གྱི་དངུལ་གཏོང་སྒོར་དུང་ཕྱུར་ཁྲི1.79ལེགས་འགྲུབ་བྱས་ཤིང་། ལོ་རེར་ཆ་སྙོམས་སུ21.6%འཕར་སྣོན་བྱུང་ཡོད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
བོད་ལྗོངས་ཀྱིས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དུས་སུ་མ་དངུལ་སྒོར་དུང་ཕྱུར6015གཏོང་བའི་འཆར་གཞི་བཟོས།