བོད་ཤར་རྒྱུད་དུ་ཏང་དར་ལྷབ་ལྷུབ་ཏུ་གཡོ།

—— ཉིང་ཁྲིའི་བྲག་ཡིབ་ཆུས་ཀྱིས“ཏང་འཛུགས་སྐྱོང+”ལ་བརྟེན་ནས་བྱ་གཞག་ཁག་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།

1d905285-ed73-4327-8548-fb4cc553f418.jpg

འདི་ནི་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་ཏང་ཀྲི་པུས་ཁྲོན་བོད་ལྕགས་ལམ་གསེར་སྐྱེམས་ལའི་ཕུག་ལམ་སྐྲུན་ཡུལ་དུ་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བཞིན་པ།

2021ལོ་ཚུན་དུ། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཨུད་ཀྱིས“ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་། ལེགས་ཆར་བརྟེན་ནས་སྐུལ་འདེད། གདོང་ལེན་བྲག་ཡིབ་གཏོད་པ་བཅས”ཀྱི་ལས་དོན་གྱི་བསམ་ཕྱོགས་ལ་དམ་པོར་དམིགས་པ་དང་། “ཏང་འཛུགས་སྐྱོང+”ལ་བརྟེན་ནས་བྱ་གཞག་ཁག་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད། ལས་དོན་གྱི་གྲུབ་འབྲས་དངོས་ལ་བརྟེན་ནས་ཏང་རྩ་འཛུགས་ཀྱི་འགན་འཁྲི་འཁུར་སེམས་མངོན་པ། གཞི་རིམ་ཏང་རྩ་འཛུགས་མཚན་དགུང་གི་སྐར་ཚོགས་ལྟར་རྣམ་པར་བཀྲ་བ་བཅས་བྱས་པས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇཌ་ཚོར་སྣང་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

ཏང་འཛུགས་སྐྱོང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེན་པོ་ཡོང་བར་སྣེ་ཁྲིད་བྱས་པ།

2021ལོའི་ཟླ་7ཚེས་21ཉིན་གྱི་ཕྱི་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོར་གཟིགས་ཞིབ་གནང་སྐབས། “ཀ་ལ་གྲོང་ཚོའི་མཛེས་སྡུག་ལྡན་པའི་འཚོ་བ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཀྱི་བསྡུས་རིས་ཤིག་རེད། འདི་གར་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་རབ་ཏུ་བཞད་པའི་ས་ཆ་ཞིག་རེད། ད་ཆའི་ཡུལ་མི་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཞིག་རེད་ལ། ཁྱེད་ཚོས་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་བྱུང་བ་ཞིག་ཀྱང་རེད”ཅེས་གསུངས།

2021ལོའི་ཟླ་7ཚེས་21ཉིན་གྱི་ཕྱི་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོར་ཕེབས་ནས་གཞི་རིམ་གྱི་ཏང་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད། བོད་ཀྱི“ཁམ་བུའི་མེ་ཏོག་གི་གྲོང་ཚོ་དང་པོ”ཞེས་གྲགས་པའི་ཀ་ལ་གྲོང་ཚོར་ཁམ་བུའི་མེ་ཏོག་རབ་ཏུ་བཞད། ཡངས་ཤིང་རྒྱ་ཆེ་བའི་ས་མཐོའི་ས་གཞི་ཆེ་མོའི་ཕྱོགས་གང་སར་མེས་རྒྱལ་གྱི་མཛེས་སྡུག་ལྡན་པའི་མཐའ་མཚམས་འཛུགས་སྐྲུན་གྱི་ཚ་རླབས་འཕྱུར་བཞིན་ཡོད།

མིག་སྔའི་བར། ཀ་ལ་གྲོང་ཚོས་ཁམ་བུའི་མེ་ཏོག་གི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་19གཉེར་བ་དང་། 2020ལོའི་ཁམ་བུའི་མེ་ཏོག་དུས་ཆེན་རིང་། ཡུལ་སྐོར་བ་མི་ཐེངས་ཁྲི་14ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་ཁྲི་460ལྷག་ཙམ་བྱུང་བ་དང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་3.13ཟིན་ཡོད། 2020ལོའི་ལོ་འགོར། གྲོང་ཚོ་ཡོངས་ཀྱི་མང་ཚོགས་དུད་ཚང་33གྱིས་ཝུའུ་ཧན་དུ་ཏོག་གསར་རིམས་ནད་ཐོན་སྐབས་རང་འགུལ་ངང་སྒོར་ཁྲི་37ལྷག་ཙམ་ཞལ་འདེབས་བརྒྱབ་པ་རེད།

ཀ་ལ་གྲོང་ཚོར་འཕོ་འགྱུར་ཆེན་པོ་འདི་འདྲ་བྱུང་བ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཐོབ་པའི་བསྡུས་རིས་ཤིག་ཡིན་ལ། སྐྱེ་ཁམས་ལ་བརྟེན་ནས་འཚོ་བ་བསྐྱལ་བ་དང་སྐྱེ་ཁམས་ལ་བརྟེན་ནས་ཕྱུག་འགྱུར་ལམ་དུ་བསྐྱོད་པའི་གྲོང་གསེབ་དར་རྒྱས་གཏོང་བའི་དཔེ་མཚོན་ཞིག་ཀྱང་རེད།

ཏང་འཛུགས་སྐྱོང་གི་སྤུས་རྟགས་དེ་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་ཏུ་གྱུར་པ།

བསམ་བློ་ཆབ་སྲིད་ལས་དོན་གྱི་ལས་སྟེགས་རྒྱ་ཆེར་བཏང་ནས་ས་གནས་དེ་གའི་གསར་བརྗེའི་སློབ་གསོའི་སྤུས་རྟགས་བཏོད་ཅིང་། བྲག་ཡིབ་ཆུས་ཀྱི་གནས་རྙིང་རྗེས་ཤུལ་དང་། དྲན་གསོ་ཁང་། སློབ་གསོའི་རྟེན་གཞི། གཙོ་གནད་འཛུགས་སྐྲུན་གྱི་གྲུབ་འབྲས་བཅས་དང་། དེ་བཞིན་དམག་སྡེ་བཅོ་བརྒྱད་པ་བོད་དུ་ཡོང་བ་དང་། བོད་ལ་ཞི་བས་བཅིངས་འགྲོལ་བཏང་བ། དམངས་གཙོའི་བཅོས་སྒྱུར་བྱས་པ་སོགས་ཀྱི་ནང་དོན་ལ་བརྟེན་ནས“ཨུ་ལྷན་གྱི་གནས་རྙིང”དང་། “འཕེལ་རྒྱས་འགྲོ་བཞིན་པའི་བྲག་ཕྱི་གྲོང་ཚོ” “དར་རྒྱས་འགྲོ་བཞིན་པའི་ཀ་ལ་གྲོང་ཚོ” “གསར་བརྗེའི་ཀླུ་སྟེང་གྲོང་ཚོ”སོགས་ལ་དམིགས་ནས་མ་དངུལ་སྒོར་ཁྲི་1658བསྡུ་སྒྲིལ་བྱས་ཏེ། ཆེད་དོན་ཚོགས་ཆུང་གིས“བོད་སྐྱོད་པ་རྒན་གྲས”རྩད་འཚོལ་བྱས་ནས་གསར་བརྗེའི་གཏམ་རྒྱུད་སྔོག་འདོན་དང་ས་གནས་ས་ཐོག་གི་སློབ་ཁྲིད་ལམ་ཐིག་ཧུར་ཐག་བཏོད་དེ། གནས་རྙིང་རྗེས་ཤུལ་ཁག་གཅིག་ལ་བཅར་འདྲི་བྱེད་པ་དང་། གསར་བརྗེའི་རིག་དངོས་ཁག་གཅིག་འཚོལ་བསྡུ་བྱེད་པ། དཔེ་མཚོན་གྱི་མི་སྣ་ཁག་གཅིག་ལ་བཅར་འདྲི་བྱེད་པ། ཏང་འཛུགས་སྐྱོང་གི་དྲིལ་བསྒྲགས་པར་གཞི་བཟོ་བ། གར་སྟེགས་ཟློས་གར་རྩོམ་སྒྲིག་བྱེད་པ། ཏང་གཤིས་སློབ་གསོའི་རྟེན་གཞི་ཁག་གཅིག་གཏོད་པ་སོགས་བྱས་པ་བརྒྱུད་ས་ཆ་འཚོལ་ཐུབ་པ་དང་། དངོས་པོ་ལྟ་ཐུབ་པ། ལོ་རྒྱུས་ཤོད་རྒྱུ་ཡོད་པ་སོགས་ཀྱི་ཏང་གཤིས་སློབ་གསོའི་སྤུས་རྟགས་ཁག་གཅིག་གྲུབ་ཡོད།

བྲག་ཡིབ་གྲོང་རྡལ་ལྟེ་བར་བྱས་ནས“གནས་གཅིག་ལམ་གསུམ”གྱི་སྤུས་ལེགས་ཏང་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་བཏོད་དེ་རྒྱལ་ཁབ་དང་ཞིང་ཆེན་ལམ་རྒྱུད་དང་། ཡུལ་སྐོར་སྐོར་ལམ། གྲོང་ཁྱེར་གྱི་འཐབ་ས་དང་པོ་བཅས་ལ་དམིགས་ཏེ། ཁྱད་ལྡན་ཏང་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་བཏོད་པས“ཤང་རེ་ལ་ཁྱད་ཆོས་རེ”དང་། “གྲོང་ཚོ་རེ་ལ་གཙོ་གནད་རེ” “ཁྱབ་ཁོངས་རེ་ལ་སྤུས་རྟགས་རེ”བཅས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་གི་རྣམ་པ་ཆགས་པར་བྱས་ནས་བྲག་ཡིབ་ཆུས་ཀྱི“ཏང་འཛུགས་སྐྱོང་ཆེ་མོའི”ལས་དོན་གྱི་རྣམ་པ་ནུས་ཤུགས་ཡོད་རྒུས་བཏོད་ཡོད།

གཞི་རྩའི་རྩ་འཛུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞི་རྩའི་དཔུང་ཁག་སྟོབས་ཆེར་གཏོང་བ། གཞི་རྩའི་བྱེད་སྒོར་དམ་འཛིན་ཏན་ཏིག་བྱེད་པ། གཞི་རྩའི་ལམ་ལུགས་དོན་འཁྱོལ་བྱེད་པ། གཞི་རྩའི་ནུས་པ་ཆེ་རུ་གཏོང་བ། གཞི་རྩའི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་དམ་འཛིན་བྱ་གཞིར་བྱས་ཏེ། བྲག་ཡིབ་གྲོང་རྡལ་བྲག་ཕྱི་གྲོང་ཚོའི“ཀྲི་པུས་སྣེ་ཁྲིད+ཀུང་སི་བཅའ་སྡོད+ས་ཞིང་མ་རྐང་ནང་ཞུགས་པ+མང་ཚོགས་ལ་ཕན་པ་ཐོབ་པ”དང་། དགུང་ཚང་ཤང་གི“ཏང་འཛུགས་སྐྱོང+གྲོང་ཚོ་དྲུག་མཉམ་འབྲེལ་རྣམ་པའི་ཐོན་ལས་འཕེལ་རྒྱས་གཏོང་སྟངས” ཉིང་ཁྲི་གྲོང་རྡལ་སྤྲིན་པ་གྲོང་ཚོ་དང་ཀླུ་སྟེང་གྲོང་ཚོའི“ཏང་འཛུགས་སྐྱོང+གྲོང་གསེབ་ཡུལ་སྐོར”སོགས་ཀྱི་བྱེད་ཐབས་ཁྱབ་གདལ་ཤུགས་ཆེན་བཏང་སྟེ། ཐོན་ཁུངས་གསར་སྤེལ་ཅན་དང་། ཐོན་ལས་འབབ་འཕར་ཅན། རྒྱུ་ནོར་གང་འགབ་ཅི་སྤྱོད་ཅན་བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་བཏང་བས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་ཐུབ་པ་དང་གྲོང་གསེབ་འཕེལ་རྒྱས་གཏོང་བའི་གསོན་ཤུགས་ཕྱོགས་ཡོངས་ནས་འཕེལ་ཡོད།

ཏང་འཛུགས་སྐྱོང་ལ་བརྟེན་ནས་ལས་སྒྲུབ་ལས་གཏོད་ཀྱི་དྲང་ནུས་གཅིག་སྒྲིལ་བྱས་པ།

གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་དོན་ལ་མང་ཚོགས་ཀྱི་འཚོ་བ་དང་ཉེ་བཅར་བྱེད་པའི་ཁྱད་ཆོས་ལྡན་པ་དང་། དེ་ནི་ཏང་གིས་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པའི་འབྲེལ་ཟམ་དང་འབྲེལ་ཐག་གལ་ཆེན་ཞིག་ཡིན་པས། མང་ཚོགས་ལ་དྲོ་སྐྱིད་སྦྱིན་ན་གཞི་ནས་སྐྱེ་སྟོབས་མངོན་ཐུབ། 2020ལོའི་ལོ་འཁོར་གྱི“རྒྱལ་ཡོངས་ཀྱི་གཞུང་ལས་པ་ཡག་ཤོས”ལ་བདམས་ཐོན་བྱུང་བའི་བཅུ་འཕར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྟོབས་རྒྱལ་གྱིས་ཏང་ཀྲི་པུའི་སྣེ་ཁྲིད་དེ་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྡེ་ཚོགས་འཛུགས་སྐྱོང་དང་། ཏང་འཛུགས་སྐྱོང་ལ་བརྟེན་ནས་བུད་མེད་ཨུ་ལྷན་འཛུགས་སྐྱོང་། ཏང་འཛུགས་སྐྱོང་ལ་བརྟེན་ནས་དཔལ་འབྱོར་ལ་སྐུལ་འདེད་གཏོང་བ། ཏང་འཛུགས་སྐྱོང་ལ་བརྟེན་ནས་མཐུན་སྒྲིལ་སྲུང་སྐྱོང་། ཏང་འཛུགས་སྐྱོང་ལ་བརྟེན་ནས་དམངས་སེམས་གཅིག་སྒྲིལ་བཅས་མཐའ་འཁྱོངས་བྱས་ཏེ། ཏང་འཛུགས་སྐྱོང་གི་མེ་ཏོག་ས་ཕྱོགས་ཁག་དང་མི་ཚང་མའི་སེམས་ནང་བཞད་པར་བྱས་ཡོད།

སད་སྒོ་རྭ་གྲོང་ཚོའི་ཏང་ཀྲི་པུས“ཀྲི་པུའུ་ཡིས་ཏང་ཡོན་ལ་དོ་དམ་དང་ཏང་ཡོན་གྱིས་ཁྱིམ་ཚང་ལ་དོ་དམ”བྱེད་སྟངས་སྤྱད་དེ་ཏང་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་བཏང་བས་གོང་རིམ་སྲིད་ཇུས་དུད་ཚང་དུ་སྒྲོག་འགྲེལ་ཐུབ་པ་དང་། ཀྲི་པུའུ་ཡི་གྲོས་ཆོད་དུད་ཚང་དུ་བརྒྱུད་བསྒྲགས་ཐུབ་པ། སྤྱི་ཕན་བྱེད་སྒོ་དུད་ཚང་དུ་སྤེལ་བ། བསམ་འཆར་དང་གྲོས་འགོ་དུད་ཚང་དུ་བསྡུ་ལེན་བཅས་བྱས་ནས་ཏང་རྩ་འཛུགས་དང་མང་ཚོགས་དབར་སྲིད་ཇུས་དོན་འཁྱོལ་མཐར་ཕྱིན་པ་དང་དམངས་ཀྱི་འདོད་བློ་གོང་ཞུ་བྱེད་པའི“མྱུར་བགྲོད་ལམ་བུ”ཞིག་བཏོད་ཡོད།

བྲག་ཡིབ་ཆུས་སློབ་འབྲིང་གི་ཏང་སྤྱི་ཁྱབ་ཀྲི་པུའི་དེ་སྔའི་ཧྲུའུ་ཅི་བསོད་ནམས་རྣམ་རྒྱལ་གྱིས་ལོ་28རིང་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་ལ་བརྩི་མཐོང་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སློབ་ཕྲུག་བྱམས་ཀྱིས་བསྐྱངས་པས། སློབ་མ་ཚོས་ཁོང་ལ་བྱམས་བརྩེའི་ངང“ཨ་ཕ་ཡག་ཤོས”ཞེས་འབོད་ཀྱི་ཡོད། དགེ་རྒན་བཟང་པོ་འདི་འདྲ་ཞིག་ཡུན་རིང་ནད་ཀྱིས་མནར་ཡང་རང་འཁྲིའི་ལས་གནས་ཐོག་མཐའ་གཅིག་ཏུ་གཞོལ་བས། ལོ་51ལ་སྐྲན་ནད་ཕོག་ནས་གྲོངས། བསོད་ནམས་རྣམ་རྒྱལ་ལ་སྐབས་བདུན་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་བའི་མིང་འདོན་བྱ་དགའ་ཐོབ་པ་དང་བོད་རང་སྐྱོང་ལྗོངས་ཀྱིས“ཕུལ་བྱུང་གུང་ཁྲན་ཏང་ཡོན”དང“དུས་རབས་ཀྱི་མིག་དཔེའི”མཚན་སྙན་རྗེས་སྤྲོད་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།