ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ང་ཚོ་ཐུན་མོང་གི་མིང་ལ་ཀྲུང་ཧྭ་མི་རིགས་ཟེར།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྟོང་འོག བོད་ཤར་རྒྱུད་ཀྱི་གྲོག་རོང་ནས་མངའ་རིས་ས་མཐོ་བར་དང་། བྱང་རྩྭ་ཐང་ནས“གངས་ལྗོངས་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”གྱི་ཉིང་ཁྲི་བར། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་ཐུན་མོང་གི་ངོས་འཛིན་དུ་གྱུར་ཡོད།

བོད་ཀྱིས་ཐོག་མཐའ་བར་གསུམ་དུ“མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི”བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་སར་དམ་པོར་དམིགས་ནས། ལས་དོན་མཐའ་དག་མི་རིགས་མཐུན་སྒྲིལ་ལ་དམིགས་ཏེ་ནུས་ཤུགས་ཡོད་རྒུས་མི་རིགས་ཁག་གི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས། སྐྱེ་ཁམས་སོགས་ཐད་ཀྱི་ཁེ་དབང་ལ་འགན་ལེན་གང་ལེགས་བྱས་ནས་སྤྱི་ཚོགས་བརྟན་ལྷིང་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།

ལོ་ལྔའི་རིང་། འཆར་འགོད་མ་དངུལ་སྒོར་དུང་ཕྱུར་3937དོན་འཁྱོལ་བྱས་པས། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་རེར་ཆ་སྙོམས་9%འཕར་བ་དང་། འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཤིང་། མི་རེར་ཆ་སྙོམས་སྒོར་ཁྲི་5ལས་བརྒལ་ཡོད། འབྲུ་རིགས་ཐོན་ཚད་ཏུན་ཁྲི་100ཡན་བརྟན་པོ་བྱུང་ཡོད། ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་སྟེ་སྒོར་14598ཟིན་ཡོད། ཡིག་ཚཌ་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་པ་དང་རྫོང་དབུལ་པོ་ཚང་མ་དབུལ་ཞྭ་ཕུད་ཡོད། མི་ཁྲི་26.6རི་མཐོ་ཐག་རིང་གི་དཀའ་ཚེགས་ཆེ་ལ་གྲང་ངར་ཆེ་བའི་ས་ཁུལ་ནས་ལུང་གཞུང་གི་གྲོང་ཁྱེར་དང་གྲོང་རྡལ་དུ་སྤོས་ནས་བདེ་སྡོད་ལས་བརྩོན་ཐུབ་ཡོད།

ལོ་ངོ་སྟོང་གི་དབུལ་པོ་དབུལ་ནག་གི་གནད་དོན་ལོ་རྒྱུས་ཀྱི་རང་བཞིན་གྱི་སྒོ་ནས་ཐག་གཅོད་ཐུབ་ཡོད།

“ངའི་ཕ་ཡུལ་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་སྟག་མོ་ལྷོ་པ་མི་རིགས་ཤང་སྟག་མོ་གྲོང་ཚོ་ནི་དཔེ་མཚོན་གྱི་མཐའ་མཚམས་གྲོང་ཚོ་ཞིག་རེད། གྲོང་ཚོ་ཡོངས་སུ་མི་གྲངས་290ལྷག་ཙམ་ཡོད་པ་དང་། གཙོ་བོ་ལྷོ་པ་རིགས་ཡིན་པ་མ་ཟད། ད་དུང་བོད་རིགས་དང་རྒྱ་རིགས་ཀྱང་ཡོད”ཅེས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ནོར་བུས་གསར་འགོད་པར་བརྗོད། ཁོང་གིས། “ལོ་དེ་དག་རིང་། ཏང་དང་རྒྱལ་ཁབ་ཀྱིས་མཐའ་མཚམས་གྲོང་ཚོར་གཟིགས་སྐྱོང་སྲིད་ཇུས་མང་པོ་ཞིག་ལག་བསྟར་བྱས་ཤིང་། ད་ཆ་གྲོང་མི་ཚོ་མཛེས་སྡུག་ལྡན་ལ་སྐྱིད་སྣང་དོད་པའི་ཁང་པ་གསར་པའི་ནང་སྡོད་རྒྱུ་བྱུང་བ་དང་། གྲོང་ཚོར་ཨར་འདམ་ལམ་ཤར་གཏོང་ཐུབ་པ་མ་ཟད། ད་དུང་རྒྱལ་ཁབ་གློག་དྲ་ཡང་ཤར་གཏོང་ཐུབ་པས། འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་ཡོད། མཐའ་མཚམས་སྲུང་བའི་ཚང་མའི་སྤྲོ་སེམས་རབ་ཏུ་འཕེལ་ཡོད་ལ། དྲིན་ཚོར་གྱི་སྐད་ཆ་ཡང་མང་པོ་ཤོད་ཀྱི་ཡོད། ད་ལྟ་སྟག་མོ་གྲོང་ཚོར་ཁྱིམ་ཚང་ཚང་མའི་ཐོག་ཁར་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་བཙུགས་ནས་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད”ཅེས་བརྗོད།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ཉིང་ཁྲི་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་ཉི་མ་བཀྲ་ཤིས་ཀྱིས་གསར་འགོད་པར“ཉིང་ཁྲི་གྲོང་ཁྱེར་དུ་རྒྱ་རིགས་དང་། ཧུད་རིགས། བོད་རིགས། མོན་པ་རིགས། ལྷོ་པ་རིགས་སོགས་མི་རིགས་35དང་ཏེང་པ་བ་འདུས་སྡོད་བྱེད་ཀྱི་ཡོད། གྲོང་ཁྱེར་ཡོངས་སུ་མི་རིགས་ཕན་ཚུན་དབར་གཉེན་སྒྲིག་བྱེད་མཁན་ཁྱིམ་ཚང་3000ཙམ་ཟིན་ནས་མི་རིགས་མཐུན་སྒྲིལ་གྱི་གཞི་རྒྱུ་ཕུན་སུམ་ཚོགས་པོ་ཡོད། རྩ་བ་བརྟན་ན་ཡལ་འདབ་རྒྱས་ངེས་རེད། དུས་ཡུན་རིང་པོའི་ནང་ཉིང་ཁྲིའི་སྐབས་རིམ་བྱུང་གི་གྲོང་ཨུད་ཚན་ཁག་གིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་ནི་ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་བརྟན་པོ་དང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་འཛད་མཐའ་མེད་པའི་སྒུལ་ཤུགས། མཐའ་མཚམས་བརྟན་ལྷིང་གི་རྩ་བའི་འགན་ལེན། མི་དམངས་བདེ་སྐྱིད་ཡོང་བའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་བཅས་ལ་བརྩིས་ནས། རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་པ་དང་། རང་ཉིད་ཀྱི་ཚེ་སྲོག་ལ་བརྩི་མཐོང་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་བརྩི་མཐོང་བྱས་ནས། མི་རིགས་མཐུན་སྒྲིལ་ཁྱབ་ཁོངས་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་གཙོ་བོ་བརྟན་པོར་བསྲུངས་ཡོད། ‘ཁ་འབྲལ་ཐབས་མེད་པ་གསུམ’དང‘མོས་སེམས་ལྔའི’བསམ་བློ་མི་རིགས་ཁག་གི་མི་དམངས་ཀྱི་སེམས་ལ་གཏིང་ཟབ་ཟུག་པར་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ཉིང་ཁྲིར་རབ་ཏུ་བཞད་པར་བྱས་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།

གངས་ལྗོངས་ས་མཐོར་བོད་རིགས་དང་། རྒྱ་རིགས། ཧུའེ་རིགས། མོན་པ་རིགས། ལྷོ་པ་རིགས། འཇང་རིགས་སོགས་མི་རིགས་མང་པོའི་གཅེན་གཅུང་མིང་སྲིང་དབར་ཕན་ཚུན་བརྩེ་སེམས་ཟབ་མོ་འཆང་བ་དང་གཅིག་ལ་གཅིག་རྟེན་གྱིས་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་པ་དང་། བློ་སེམས་གཅིག་མཐུན་དང་། བློ་ཁ་གཅིག་མཐུན། བསམ་སྦྱོར་གཅིག་མཐུན་བཅས་ཀྱི་སྒོ་ནས་མཛེས་སྡུག་ལྡན་པའི་གངས་ལྗོངས་ས་མཐོ་མཉམ་དུ་སྐྲུན་བཞིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།