ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་དཔལ་འབྱོར་རིགས་ཁོངས་དང་བཟོ་ཚོང་མཉམ་འབྲེལ་རིགས་ཁོངས་ཀྱི་ཨུ་ཡོན་ལ་གཟིགས་པ་དང་འབྲེལ་མཉམ་འབྲེལ་ཚོགས་ཆུང་གི་གྲོས་བསྡུར་ནང་ཞུགས་པ།

0e0a1204-7507-42b3-aa34-88a25819191f.jpg

ཟླ་1ཚེས་3ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པས་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་བསྡུར་བྱས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དཔལ་འབྱོར་རིགས་ཁོངས་དང་བཟོ་ཚོང་མཉམ་འབྲེལ་རིགས་ཁོངས་ཀྱི་མཉམ་འབྲེལ་ཚོགས་ཆུང་གི་གྲོས་བསྡུར་ཚོགས་རར་ཕེབས་ནས་སྲིད་གྲོས་ཨུ་ཡོན་ལ་མཛའ་བརྩེའི་ངང་གཟིགས་པ་དང་འབྲེལ་ཚང་མ་དང་མཉམ་དུ་གྲོས་བསྡུར་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས3ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་དཔལ་འབྱོར་རིགས་ཁོངས་དང་བཟོ་ཚོང་མཉམ་འབྲེལ་རིགས་ཁོངས་ཀྱི་མཉམ་འབྲེལ་ཚོགས་ཆུང་གི་གྲོས་བསྡུར་ནང་ཞུགས་ཤིང་། ཁོང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་སྲིད་གྲོས་ཨུ་ཡོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

ཀྲང་ཤའོ་དང་། ཉི་མ་ཚེ་རིང་། ལི་ཧའེ་པོ། ཟླ་བ་ཚེ་རིང་། ཧན་ཡུས། སྐལ་བཟང་དབང་ཕྱུག བཀྲ་ཐར། ལང་ཕུའུ་ཁོན། ཝང་རུའེ་ཧྲུའུ་སོགས་ཨུ་ཡོན་9ཡིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་། ལས་གྲྭ་གལ་ཆེན་འཛུགས་སྐྲུན། ཡུལ་སྐོར་ཐོན་ལས་འཕེལ་རྒྱས། བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྤུས་རྟགས་གཏོད་པ། ས་གནས་འདི་གའི་ཁེ་ལས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སོགས་ལ་དམིགས་ནས་ཐབས་འདོན་ཇུས་འབུལ་གནང་བ་རེད། ཝང་ཅུན་ཀྲེང་གིས་ནན་ཏན་ངང་གསན་པ་དང་སྦྲགས་སྐབས་སྐབས་སུ་ཨུ་ཡོན་ཚོ་དང་སྤེལ་རེས་ཀྱང་གནང་ཞིང་། ཁོང་གིས་ཨུ་ཡོན་རྣམ་པས་བཏོན་པའི་བསམ་འཆར་དང་གྲོས་འགོ་ལས་ཨུ་ཡོན་ཚོས་ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། འགན་འཁྲི་ཁུར་ཕོད་པ། འབད་འབུངས་ཡར་བརྩོན་བཅས་ཀྱི་བསམ་པའི་ཉམས་འགྱུར་བཟང་པོ་གང་ལེགས་མངོན་ཡོད། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ཞིབ་འཇུག་དང་བསྡུ་ལེན་ནན་ཏན་བྱས་ནས་ལས་དོན་གྱི་བྱ་ཐབས་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་ནང་དོན་ཚང་མར་ལན་རྒྱག་པ་དང་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཞེས་གསུངས་པ་རེད།

ཝང་ཅུན་ཀྲེང་གིས་སྲིད་གྲོས་ཀྱི་ལས་དོན་ལ་གདེང་འཇོག་གང་ལེགས་གནང་བ་མ་ཟད། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཡང་ཞུས་ཤིང་། ཁོང་གིས། འདས་ཟིན་པའི་ལོ་གཅིག་ནང་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་བཙུགས་ཡོད། གྲུབ་འབྲས་ཐོབ་པའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལ་རག་ལས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་བོད་ཀྱི་ལས་དོན་སྐོར་གྱི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་རག་ལས་པ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་འབད་བརྩོན་བྱས་པའི་འབྲས་བུ་ཞིག་ཡིན་ལ། དེའི་ནང་ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱི་བློ་གྲོས་དང་། དཀའ་སྤྱད། རྔུལ་ཆུ་བཅས་ཀྱང་འདུས་ཡོད་ཅེས་གསུངས་པ་རེད།

ཝང་ཅུན་ཀྲེང་གིས། རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་བྱེད་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་ལ་གཞིགས་པ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞི”གཙོ་རྒོལ་དུ་བྱེད་པ། སྲིད་གྲོས་ཀྱི་ལེགས་ཆ་འདོན་སྤེལ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།

སྤྱི་ཡོངས་ལ་གཞི་ཚུགས་པ་དང“དོན་ཆེན་བཞིར”དམིགས་ནས་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ཏེ་སྣེ་ཁྲིད་ནས“འཛུགས་གཏོད་བཞིར”གཞོགས་འདེགས་བྱེད་མཁན་གྱི་མིག་དཔེ་ཞིག་བྱེད་དགོས། “མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པ”ཤེས་རྟོགས་གཏིང་ཟབ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ། གཏིང་ཟབ་ལ་ཞིབ་ཚགས་པའི་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོའི་ལས་དོན་མང་ཙམ་སྒྲུབ་པ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བཅས་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱ་རྒྱུར་དམ་པོར་དམིགས་པ་དང་ཇུས་འདོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་བརྟན་པོར་བསྲུངས་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་བསྐྲུན་ཏེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས། མཐའ་སྲུང་དང་། མཐའ་བརྟན། མཐའ་ཕྱུག མཐའ་སྟོབས་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས།

འདུ་ཤེས་གསར་བརྗེས་དང་ལེགས་ཆ་འདོན་སྤེལ་བྱས་ཏེ་སྣེ་ཁྲིད་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་མཁན་གྱི་མིག་དཔེ་ཞིག་བྱེད་དགོས། འདུ་ཤེས་འགྱུར་བའི་ཐད་གདོང་ལེན་པ་ཞིག་བྱས་ནས། བསམ་བློའི་འདུ་ཤེས་དུས་རབས་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོའི་རྗེས་སྙེགས་པ་དང་། དར་རྒྱས་ཆེ་བའི་ས་ཁུལ་གྱི་ཉམས་མྱོང་དང་བྱེད་ཐབས་བཟང་པོ་སློབ་སྦྱོང་དང་ནང་འདྲེན་བྱས་ཏེ་འདུ་ཤེས་གསར་བརྗེས་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་སྔར་བས་འཕེལ་རྒྱས་གཏོང་དགོས། ཞབས་ཞུ་དེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་མཉམ་འདྲེས་བྱས་ནས། ནུས་ལྡན་གྱི་མ་འཇོག་རྒྱ་ཆེར་གཏོང་བ་དང་། རྣམ་གྲངས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་བཅས་ལ་ཤུགས་སྣོན་བརྒྱབ་ནས་ཁེ་ལས་དང་ཁེ་ལས་པའི་ཆེས་རྩ་ཆེའི་འཕེལ་རྒྱས་ཀྱི་གཞི་རྒྱུར་སྐུལ་སྤེལ་བྱེད་པ་དང་འབྲེལ། ཐོན་ལས་འཕེལ་རྒྱས་ཀྱི་རིམ་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། ཁེ་ལས་མཁས་ཅན་ཚོས་ལས་གཏོད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་དང་གསར་གཏོད་ཀྱི་སྒུལ་ཤུགས་འཕེལ་བར་བྱས་ཏེ་བོད་ཀྱི་རིག་གནས་ཡུལ་སྐོར་དང་བོད་ལུགས་གསོ་རིག་དང་བོད་སྨན་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཆེན་པོ་དང་གང་མགྱོགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས།

མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་སྣེ་ཁྲིད་ནས་དམངས་འཚོ་ལེགས་གཏོང་གི་མིག་དཔེ་ཞིག་བྱེད་དགོས། སྲིད་ཞུགས་དམངས་ཆེད་ཀྱི་འགན་སྒྲུབ་འདུ་ཤེས་འཛུགས་པ་དང་། མི་དམངས་ཀྱི་ལངས་ཕྱོགས་ཐོག་བརྟན་པོར་ལངས་པ། མི་དམངས་ལ་བཅངས་པའི་བརྩེ་སེམས་བརྟན་པོར་སྲུང་བ་བཅས་བྱས་ཏེ་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བར་ཐབས་འདོན་ཇུས་འབུལ་བྱེད་པ་དང་། ཏང་ཨུད་དང་སྲིད་གཞུང་ལ་གཞོགས་འདེགས་ཧུར་ཐག་ཞུས་ནས་དམངས་ཀྱི་བློ་གྲོས་གཅིག་སྡུད་དང་། དམངས་ཀྱི་ཁེ་ཕན་དོན་གཉེར། དམངས་ཀྱི་སེམས་ཁྲལ་སེལ་བ། དམངས་སེམས་ལ་བསྟུན་པ། དམངས་ཕྱུག་ལ་རོགས་རམ་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དེ་བས་ཟབ་པ་དང་། སྐྱིད་སྣང་དེ་བས་ཆེ་བ། བདེ་འཇགས་ཚོར་སྣང་དེ་བས་འགན་ལེན་བཅས་བྱེད་དགོས།

དམ་པ་དོན་གཉེར་གྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། ལག་ལེན་ལ་སྣང་ཆེན་དང་། དངོས་སྒྲུབ་ལ་སྣང་ཆེན། གྲུབ་འབྲས་དངོས་ལ་སྣང་ཆེན་བཅས་བྱས་ནས་སྣེ་ཁྲིད་དེ་བརྟན་ལྷིང་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་ས་མདུན་མ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ས་གཙོ་བོ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འཐབ་ས་གཙོ་བོ། མཐའ་བརྟན་མཐའ་སྟོབས་ཀྱི་འཐབ་ས་དང་པོ་བཅས་སུ་བསྐྱོད་དེ་དངོས་སྒྲུབ་ལ་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།