ལྗོངས་ཚན་རྩལ་གསར་གཏོད་གླིང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ཀྱི་དུས་ཐེངས་དང་པོའི་ལས་གྲྭ་ལས་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རང་སྐྱོང་ལྗོངས་ཚན་རྩལ་གསར་གཏོད་གླིང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ཀྱི་དུས་ཐེངས་དང་པོའི་ལས་གྲྭའི་རྩིག་རྨང་འདིང་བའི་མཛད་སྒོ་ལྷ་ས་སྣེའུ་ཁུལ་གསར་དུ་འཚོགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེ་འཛུགས་སྐྲུན་བྱས་ནས་བོད་ལྗོངས་ཀྱི་སྦྲེལ་ཐག་ཆ་ཚང་གི་སྐྱོང་གསོ་རྟེན་གཞི་དང་། ཚན་རྩལ་ཤེས་ལྡན་པ་གསོ་སྐྱོང་ལྟེ་གནས། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་རྟེན་གཞི། སློབ་ཆེན་སློབ་མའི་ལྟ་སྦྱོང་རྟེན་གཞི་བཅས་གཞི་གཅིག་ཏུ་འདུས་པའི་ཚན་རྩལ་གསར་གཏོད་གླིང་གཏོད་རྩིས་ཡོད་པ་རེད། རྣམ་གྲངས་ཀྱི་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་ངོས་གྲུ་28544ཟིན་པ་དང་། དུས་ཐེངས་དང་པོའི་རྣམ་གྲངས་ལ་མ་དངུལ་བསྡོམས་འབོར་སྒོར་ཁྲི་6251.08བཏང་བ། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་ངོས་གྲུ་12736.59ཟིན་ཡོད། ཚན་རྩལ་ཁེ་ལས་སྐྱོང་གསོའི་སྒྲིག་ཆས་འཛུགས་སྐྲུན་བྱ་རྒྱུ་ནང་དོན་གཙོ་བོར་བྱས་པ་དང་། རྣམ་གྲངས་བསྐྲུན་ཟིན་རྗེས་ལྗོངས་ཡོངས་སུ་ཚན་རྩལ་རྣམ་པའི་ཁེ་ལས་ཁག་གཅིག་སྐྱེད་སྲིང་བྱ་རྒྱུ་རེད།

ལྗོངས་ཚན་རྩལ་གསར་གཏོད་གླིང་བསྐྲུན་རྗེས། སྤྱི་ཚོགས་ཀྱི་ཐོན་ཁུངས་སྔར་བས་བསྡུ་སྒྲིལ་དང་། ས་ཁུལ་གྱི་ཐོན་ལས་ལེགས་སྒྲིག་རིམ་སྤོར་ལ་སྐུལ་འདེད་གཏོང་བ། རིམ་པ་མཐོ་བའི་ཤེས་ལྡན་པར་འཕེལ་རྒྱས་ཀྱི་ལས་སྟེགས་མཁོ་འདོན་བྱེད་པ་བཅས་ལ་ཕན་ཐོགས་ཡོད། བོད་ལྗོངས་ཀྱི་མཐོ་གསར་ལག་རྩལ་ཐོན་ལས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་གསར་དར་ཐོན་ལས་སྐྱེད་སྲིང་བྱ་རྒྱུའི་ངོས་ནས་བརྗོད་ན་འདི་ནི་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།