བོད་ལྗོངས་ཀྱི་སྡེ་ཚན་ཁག་དང་ཚན་པ་ཁག་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུན། རང་སྐྱོང་ལྗོངས་ཀྱི་ཚན་པ་ཁག་དང་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ“ཏང་གི་ལོ་རྒྱུས་སྦྱོང་བ་དང་། དགོངས་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ”བཅས་ཀྱི་དམིགས་ཚད་བླང་བྱར་དམ་པོར་དམིགས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏོང་ཐབས་གསར་གཏོད་ཀྱིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་། གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱེད་པ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་བཅས་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཕན་འབྲས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བསམ་བློ་དང་བྱ་སྤྱོད་ཀྱི་རང་འགུལ་དུ་འགྱུར་བ་བྱས་ཡོད།

ཉིན་ཤས་བསྟུད་མར་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་བར་ག་ཤང་གི་ཁྲོམ་གཞུང་ཆེ་ཆུང་དང་འབྲོག་རར་མི་10ལས་གྲུབ་པའི་སྦག་སྦག་སྒྲོག་འགྲེལ་རུ་ཁག་གིས་སྒྲོག་འགྲེལ་བྱེད་པར་སྐྱོད་བཞིན་ཡོད། སྒྲོག་འགྲེལ་རུ་ཁག་གིས་སྦག་སྦག་ཐོག་བསྒར་བའི་སྒྲ་སྐྱེད་བརྒྱུད་ཏང་གི་ལོ་རྒྱུས་ཀྱི་ནང་དོན་བརྗོད་པ་དང་ཏང་གི་ལོ་རྒྱུས་འབྲོག་དུད་ཚང་མར་སྒྲོག་འགྲེལ་ཐུབ་པ་བྱས་ཡོད། སྤུ་ཧྲེང་རྫོང་བར་ག་ཤང་གིས་འབྲོག་པའི་སྡོད་གནས་ཁ་ཐོར་ཡིན་པའི་དོན་དངོས་ལ་དམིགས་ནས“སྦག་སྦག་སྒྲ་དུང་སྒྲོག་འགྲེལ་རུ་ཁག”བཙུགས་ཏེ་འབྲོག་པ་སྒྲིག་འཛུགས་བྱས་ནས་གཅིག་སྡུད་སློབ་སྦྱོང་དང་སྒྲོག་འགྲེལ་བྱེད་སྒོ་སྤེལ་བའི་དཀའ་གནད་ཐག་གཅོད་བྱས་ཁར་འབྲོག་ཁུལ་གྱི་དོན་དངོས་དང་འཚམ་པའི་སྒྲོག་འགྲེལ་སློབ་གསོ་གཏོང་སྟངས་ཤིག་འཚོལ་ཞིབ་བྱས་ཡོད།

མངའ་རིས་ས་ཁུལ་རྩྭ་མདའ་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་ཀྲི་པུའི“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་། སྒྲིག་བཤེར་ལྟ་ཞིབ། སྐོར་ཞིབ་ལས་སྒོ་བཅས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་སྒྲིག་བཤེར་ལྟ་ཞིབ་ལས་དོན་བརྟན་ལ་གོ་རིམ་ལྡན་པ་དང་བརྟན་ཐོག་ཡར་འཕེལ་ཡོང་བར་སྐུལ་འདེད་བཏང་ཡོད། 《ཀྲུང་གུང་རྩྭ་མདའ་རྫོང་ཨུད་ཀྱི་སྐོར་ཞིབ་ལས་དོན་འཆར་གཞི》སོགས་ཀྱི་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོས་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གནས་ཚུལ་ཆབ་སྲིད་ཀྱི་སྐོར་ཞིབ་ལས་དོན་གྱི་གཙོ་གནད་ནང་བཅུག་པ། རྫོང་ཐད་གཏོགས་ཚན་པ་1གི་རྒྱུན་གཏན་སྐོར་ཞིབ་དང་ཏང་རྩ་འཛུགས་7གྱི་སྐོར་ཞིབ་ལ“ཕྱིར་མིག་ལྟ་བའི”ལས་ལེགས་གྲུབ་བྱུང་ཡོད། སྙན་སེང་ཉན་པ་དང་། རེ་ཟུང་དང་གླེང་མོལ་བྱེད་པ། དཔྱད་ཡིག་ལྟ་ཀློག་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་སྐོར་ཞིབ་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་བྱས་ནས་རྫོང་ཡོངས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་འགན་འཁྲི་དོན་འཁྱོལ་ལ་སྐུལ་འདེད་བཏང་ཡོད། ཆེད་དོན་ལྟ་ཞིབ་ཚོགས་ཆུང་བཙུགས་ནས་ཏང་ཨུད(ཏང་ཙུའུ)ཁག་གི་འགན་འཁྲི་དོན་འཁྱོལ་དང་། སློབ་སྦྱོང་སྤེལ་རེས། དམངས་ལ་བྱ་བ་དངོས་སྒྲུབ་པ་སོགས་ཀྱི་གནས་ཚུལ་ལ་དམིགས་ཏེ་རྫོང་ཐད་གཏོགས་ཀྱི་ཀྲི་པུའུ་ཁག་དང་། ཤང་6 གྲོང་རྡལ་1བཅས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པར་བསྐྱོད་དེ་གནད་དོན་20ལྷག་ཙམ་ཤེས་རྟོགས་ཐུབ་པ་དང་འབྲེལ་ས་གནས་ས་ཐོག་ཏུ་ལན་བརྒྱབ་ནས་དུས་ཐོག་ཏུ་དག་ཐེར་བྱེད་པར་སྐུལ་འདེད་བཏང་ཡོད།

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུན། བོད་ལྗོངས་མཁའ་འགྲུལ་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱིས“མི་དམངས་མཁའ་འགྲུལ་གྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི”འདུ་ཤེས་མཐའ་འཁྱོངས་བྱས་ཏེ། སྐྱེལ་འདྲེན་གྱི“འགན་ལེན་ལམ་ཐིག”དང་། མཁའ་དབྱིངས་ཀྱི“ཚེ་སྲོག་ལམ་ཐིག” མི་རིགས་ཀྱི“མཐུན་སྒྲིལ་ལམ་ཐིག” སྤྱི་ཚོགས་ཀྱི“ཡར་ཐོན་ལམ་ཐིག”བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཕན་འབྲས་དེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་བྱ་ཐབས་དངོས་སུ་འགྱུར་བ་བྱས་ཡོད། བོད་ལྗོངས་མཁའ་འགྲུལ་ཚད་ཡོད་ཀུང་སིས་མཁའ་དབྱིངས་ཀྱི་ཁྱད་ལྡན་སློབ་ཚན་བཏོད་དེ། “སྨི་ཁྲི་ཡི་མཁའ་དབྱིངས་སུ་ཏང་གི་ལོ་རྒྱུས་བརྗོད་པ་དང་གསར་བརྗེའི་རིག་གནས་འགྲུལ་པར་བརྗོད་པ”སོགས་བརྗོད་དོན་གཙོ་བོའི་དུས་གཏན་གནམ་གྲུའི་བྱེད་སྒོ་སྤེལ་ནས་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པར་བརྟེན་ནས་འགྲུལ་པར་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཁྲིད་སྟོན་བྱས་པ་རེད། ཏང་གི་ལོ་རྒྱུས་སློབ་གསོ་སྤེལ་ཡུལ་བཏོད་དེ“དམངས་སྤྱོད་མཁའ་འགྲུལ་གྱི་རྒྱལ་ཁབ་སྟོབས་ཆེན་དང་བོད་ལྗོངས་མཁའ་འགྲུལ་གྱིས་བོད་དར་རྒྱས་གཏོང་བ”བརྗོད་དོན་གཙོ་བོར་བྱས་ནས་ཏང་འཛུགས་སྐྱོང་གི་རིག་གནས་འགྲེམས་ཁང་བསྐྲུན་ཏེ་ཁེ་ལས་ཀྱི་རིག་གནས་འཛུགས་སྐྱོང་ལ“གསར་བརྗེའི་སྟོབས་ཤུགས”བསྣན་ཡོད། སྒྲོག་འགྲེལ་བྱེད་སྟངས་གསར་གཏོད་བྱས་ཏེ“དྲ་ཐོག+དྲ་ཕྱི”དང“ཆེད་ལས་དཔུང་ཁག+གསར་བརྗེའི་གཡུལ་ས+ཁྱད་ལྡན་བྱེད་སྒོ”ཡི་མཉམ་འགུལ་གྱི་བྱེད་ཐབས་སྤྱད་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་བཏང་ཡོད་པ་རེད།

མི་དམངས་དངུལ་ཁང་ནག་ཆུ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་དངོས་ཀྱི་བྱེད་སྒོ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་དངུལ་ཁང་སྒྲིག་གཞིས“ཁེ་ལས་ལ་ཕན་པ་སྦྱིན་པ་དང་དངུལ་ཁང་དང་ཁེ་ལས་གཉིས་ཀར་ཕན་པ་བསྐྲུན་པར”སྐུལ་འདེད་བཏང་ནས་ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་ལ་དངུལ་རྩའི་སྲིད་ཇུས་ཀྱི་ཁེ་ཕན་གང་ལེགས་ལོངས་སྤྱོད་ཐུབ་པ་བྱས་ཏེ་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་བཏང་ཡོད། མི་དམངས་དངུལ་ཁང་ནག་ཆུ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ཁོངས་གཏོགས་ཁུལ་གྱི་དངུལ་ཁང་སྒྲིག་གཞི་ཁག་སྒྲིག་འཛུགས་བྱས་ནས《ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་གི་འགྲོ་ལུགས་གཉེར་བའི་གྲོན་དངུལ་དམའ་རུ་གཏོང་རྒྱུའི་སྐོར་གྱི་གྲོས་འདོན་ཡི་གེ》སོགས་འབྲེལ་ཡོད་གྲོན་དངུལ་དམའ་རུ་གཏོང་རྒྱུའི་སྲིད་ཇུས་ཀྱི་བརྡ་ཐོ་དང་ཡིག་ཆའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ། འགྲོ་ལུགས་ཀྱི་གྲོན་དངུལ་དམའ་རུ་གཏོང་བ་དང་ཕན་པ་སྦྱིན་པའི་ལས་དོན་ལ་རྨང་གཞི་བཏིང་ཡོད། དངུལ་རྩའི་སྒྲིག་གཞི་ཁག་གིས་གཏོང་སྤྲོད་འགྲོ་ལུགས་ཀྱི་གྲོན་དངུལ་དམའ་རུ་དང་ཕན་པ་སྦྱིན་པའི་ཆེད་དོན་ལས་ཀའི་འགན་འཁྲིའི་ལམ་ལུགས་འཛུགས་རྒྱུར་སྐུལ་འདེད་བཏང་ནས་གཏོང་སྤྲོད་འགྲོ་ལུགས་ཀྱི་གྲོན་དངུལ་དམའ་རུ་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་ལ་ཕྱོགས་ཡོངས་ནས་རང་བཤེར་བྱེད་པ་དང་འབྲེལ། ཚན་པ་དེ་གའི་གཏོང་སྤྲོད་འགྲོ་ལུགས་ཀྱི་གྲོན་དངུལ་དང་ཕན་པ་སྦྱིན་པའི་ལས་དོན་ལ་དམིགས་ནས་ལས་ཀའི་རྩིས་ཁྲ་ཞིབ་ཕྲ་བཟོས་ཏེ་རྩིས་ཁྲར་དུས་ཐོག་ཏུ་རྗེས་སྙེག་དང་ཚང་བཤེར་ཆད་གསབ་བྱས་ནས་གཏོང་སྤྲོད་འགྲོ་ལུགས་ཀྱི་གྲོན་དངུལ་དམའ་རུ་གཏོང་བའི་ལས་ཀའི་བླང་བྱ་དང་སྲིད་ཇུས་ལག་བསྟར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།