རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་ལ་བོད་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁྲོད་དུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་12ཚེས་25ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག 2021ལོའི་དཔལ་འབྱོར་ལས་དོན་ལ་ཕྱོགས་སྡོམ་དང་། མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ། 2022ལོའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བཅས་བྱས་པ་རེད། ནག་ཆུ་གྲོང་ཁྱེར་དང་མངའ་རིས་ས་ཁུལ་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་མི་སེམས་ལ་སྐུལ་མ་ཐེབས་པ་དང་མི་རྣམས་མདུན་དུ་སྐྱོད་རྒྱུར་ཡར་སྐུལ་ཐེབས་པ་ཞིག་འདུག 2022ལོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་པས། ཕྱི་ལོའི་དཔལ་འབྱོར་ལས་དོན་ལ་དམ་འཛིན་ཡག་པོ་བྱ་རྒྱུར་གཞི་འཛིན་ས་མཁོ་འདོན་བྱས་པས་འཕེལ་རྒྱས་ཀྱི་གདེང་ཚོད་ཆེ་རུ་ཕྱིན་སོང་ཞེས་གཅིག་མཇུག་གཉིས་མཐུད་ངང་བརྗོད་པ་རེད།

ནག་ཆུ་གྲོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཧོང་ཆི་ཅུན་གྱིས། “ལོ་གཅིག་རིང་། རང་ལྗོངས་ཀྱི་དཔལ་འབྱོར་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཀྱིས་ནག་ཆུའི་ལས་བྱེད་པ་དང་མང་ཚོགས་ཀྱི་གདེང་ཚོད་ཆེ་རུ་ཕྱིན་སོང་། དྲིལ་བསྒྲགས་འཐབ་ཕྱོགས་ཀྱི་ལས་དོན་པ་ཞིག་ཡིན་པའི་ངོས་ནས་སླད་ཕྱིན་ལས་ཀའི་ནང་། ང་ཚོས‘དོན་ཆེན་བཞི’དང‘འགན་ལེན་བཞིར’དམིགས་རྒྱུ་དམ་འཛིན་བྱ་གཞིར་བརྩི་བ་དང་། ‘འཛུགས་གཏོད་བཞི’དང་། ‘མདུན་གྲལ་དུ་སླེབས་པ་བཞིར’དོ་ཁུར། ད་ཐེངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལས་དོན་ལ་དམ་འཛིན་ཏན་ཏིག་དང་དམ་འཛིན་ཞིབ་ཚགས་བཅས་བྱས་ནས། ལས་བྱེད་པ་དང་མང་ཚོགས་དེ་བས་མང་པོར་རང་ལྗོངས་ཀྱི་བརྟན་ལྷིང་སྐྱོན་བྲལ་གྱི་དཔལ་འབྱོར་ཁོར་ཡུག་དང་། རྒྱལ་དར་དམངས་བདེའི་སྤྱི་ཚོགས་ཁོར་ཡུག སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བཅས་ཚོར་བ་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད།

“རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ཚོང་གཉེར་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ལེགས་པོར་བརྟེན་ནས་ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བར་སྐུལ་འདེད། མ་འཇོག་རྣམ་གྲངས་མང་དུ་འགྲོ་རྒྱུར་སྐུལ་ཁྲིད། དཔལ་འབྱོར་འཁོར་རྒྱུག་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་འགན་ལེན་བཅས་བྱེད་དགོས་ཞེས་བཏོན་ཡོད། དེ་ལས་རང་ལྗོངས་ཀྱི་ཁྲོམ་ར་ལྟ་འདོམས་ལས་དོན་ལ་བླང་བྱ་དེ་བས་མཐོ་བ་བཏོན་ཡོད་པས། སླད་ཕྱིན་གྱི་ལས་ཀའི་ནང་ང་ཚོས་དངོས་ཡོད་གནད་དོན་ཐག་གཅོད་བྱས་པའི་གྲུབ་འབྲས་ལ་བརྟེན་ནས་ཚད་གཞི་འཇལ་བ།‘སྒྱུར་བཅོས’འགོ་ནས་མཇུག་བར་ཁྱབ་པ། གནད་དོན་ཤེས་རྟོགས་ཐུབ་ཚེ་འཕྲལ་སྒྲུབ་འཕྲལ་བཅོས། ནར་འགྱངས་མི་བྱེད་པ་དང་ཁྲལ་སེལ་མི་བྱེད་པ་བཅས་ཀྱིས་མི་དམངས་མང་ཚོགས་ཀྱི་སེམས་ཁྲལ་བྱེད་ས་དང་། སུན་སྣང་བྱེད་ས། སེམས་ནད་ཆེ་ས་བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་ཀྱི་ཡིན”ཞེས་ནག་ཆུ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཅུས་ཀྲང་ལི་ཧྥེ་ཀྲིས་བརྗོད་པ་རེད།

“འདི་ལོའི་རྙོག་འཛིང་ཆེ་ཞིང་ཛ་དྲག་པའི་དཔལ་འབྱོར་གྱི་དུས་བབ་དང་སྤྱི་ཚོགས་བཅོས་སྐྱོང་དང་། དམངས་འཚོ་འཛུགས་སྐྲུན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་ཚོད་བགམ་ལ་ཁ་གཏད་གཅོག་པའི་དུས་སུ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ང་ཚོས་དཀའ་བར་མ་འཛེམས་པར་མདུན་སྐྱོད་དང་གསར་འབྱེད་གསར་གཏོད་བྱས་ཏེ། སྔོན་གཏན་འཁེལ་བའི་དམིགས་ཚད་ལས་འགན་ཁག་བདེ་བླག་ངང་ལེགས་སྒྲུབ་བྱས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ནི་མི་སེམས་ལ་སྐུལ་མ་ཐེབས་པ་དང་མདུན་སྐྱོད་ལ་ཡར་སྐུལ་བྱེད་པ་ཞིག་འདུག་པས། ང་ཚོས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ལག་བསྟར་དོན་འཁྱོལ་གཏིང་ཟབ། ཚན་རིག་དང་མཐུན་པར་འཆར་འགོད་བཅས་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་རུ་ཐོག་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་བསོད་ནམས་དར་རྒྱས་ཀྱིས་བརྗོད་པ་དང་། ཁོང་གིས“གོམ་སྟབས་རྗེས་མར་ང་ཚོས་བོད་ལྗོངས་འཕེལ་རྒྱས་ཀྱི་དོན་དངོས་ལ་དམ་པོར་དམིགས་ཏེ། ཆབ་སྲིད་དང་། བསམ་བློ། བྱ་སྤྱོད་བཅས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས་ཏེ། ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ‘འཛུགས་གཏོད་བཞི’དང‘མདུན་གྲལ་དུ་སླེབས་པ་བཞིར’དམིགས་པ། གཙོ་གནད་ལས་དོན་དང་ཞིང་འབྲོག་མང་ཚོགས་ཀྱི་གླེང་མང་བ་དང་དཀའ་གནད་ཆེ་ཤོས་ཀྱི་གནད་དོན་ལ་དོ་ཁུར། བརྟག་ཞིབ་གཏིང་ཟབ། ཐབས་འདོན་ཇུས་འགོད་ཧུར་ཐག གྲོས་མོལ་རྣམ་པའི་ལྟ་སྐུལ། རུ་ཐོག་རྫོང་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་གདིང་རྩའི་གནད་དོན་རེ་རེ་བཞིན་ཐག་གཅོད་ལ་སྐུལ་འདེད་གཏོང་བ། ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་གི་ཡིན”ཞེས་བརྗོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།