སའི་གོ་ལའི་སྣེ་གསུམ་པར་སྤྱི་ཕན་གཏུག་བཤེར་གྱི་སྟོབས་ཤུགས་ཤིག་མངོན་པ།

—— བོད་རང་སྐྱོང་ལྗོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གཏུག་བཤེར་ཧུར་ཐག་བྱས་ནས་གངས་ལྗོངས་ས་མཐོ་སྲུང་སྐྱོང་བྱེད་པ།

འགན་འཁྲི་རང་འགུལ་ངང་བསྒྲུབས་ནས་སའི་གོ་ལའི་སྣེ་གསུམ་པའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱས་པ།

སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་ལམ་ལུགས་ལག་བསྟར་བྱས་ཚུན། བོད་རང་སྐྱོང་ལྗོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་འཚོལ་ཞིབ་ཧུར་ཐག་བྱས་ནས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་སྲུང་སྐྱོང་བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཞིང་། དུས་རབས་གསར་པའི་ཞིབ་དཔྱོད་ལས་ཁུངས་ཀྱི“སྤྱི་པའི་ཁེ་ཕན་འཐུས་ཚབ”ཀྱི་ལས་འགན་དང་འགན་འཁྲི་ཏན་ཏིག་བསྒྲུབས་ནས། སའི་གོ་ལའི་སྣེ་གསུམ་པར་ཞིབ་དཔྱོད་ཀྱི་སྤྱི་ཕན་གཏུག་བཤེར་གྱི་ལེའུ་གསར་པ་ཞིག་བརྩམས་ཡོད།

2018ལོར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཉང་བྲན་ཁྲོམ་གཞུང་སྦྱར་བཞི་གྲོང་ཚོའི་ས་ཞིང་ཞིག་ཏུ་སྤྲོ་ཁང་9བརྒྱབ་པར་ཞིབ་དཔྱོད་ལས་ཁུངས་ལ་དོ་སྣང་ཆེན་པོ་བྱུང་ཡོད། བརྟག་དཔྱད་བྱས་པ་བརྒྱུད། ཞུ་སྦྱོར་ཕྱི་མ་ལྷག་ཆེ་གེ་མོས་འབྲེལ་ཡོད་སྲིད་འཛིན་སྡེ་ཚན་གྱི་ཞིབ་བཤེར་ཆོག་མཆན་མ་ཐོབ་པའི་གནས་ཚུལ་འོག ཁྲིམས་འགལ་ངང་ས་ཞིང་ཉོས་པ་མ་ཟད། ས་ཆའི་སྤྱོད་གོ་བསྒྱུར་ནས་ཁང་པ་བརྒྱབ་སྟབས་རྨོ་ཞིང་དང་རྩྭ་རར་གཏོར་སྐྱོན་བཏང་ཡོད། 2019ལོའི་ཟླ་11པར། གྱོད་གཞི་དེ་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཉེས་དོན་ཞོར་འབྲེལ་གྱི་དམངས་དོན་སྤྱི་ཕན་ལ་བརྩིས་ནས་གཏུག་བཤེར་བྱས་པ་རེད།

2020ལོའི་ཟླ་དང་པོར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་དང་པོའི་ཁྲུན་གཅོད་བྱས་ཏེ། ཁྲིམས་འགལ་གྱི་བྱེད་སྤྱོད་ལ་དེ་མཚུངས་ཀྱི་ཆད་པ་བཅད་པ་མ་ཟད། ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མར་ས་ཆ་སླར་གསོའི་གྲོན་དངུལ་སྒོར་ཁྲི་60ལྷག་ཙམ་འཇལ་དགོས་པ་དང་འབྲེལ། ཁྲིམས་ཐག་བཅད་རྗེས་ཀྱི་ཉིན་10ཡི་ནང་ཚུན་དུ་གྲོང་ཁྱེར་རིམ་པ་ཡན་གྱི་སྨྱན་སྦྱོར་བརྒྱུད་སྤྱི་ཚོགས་ལ་ཡོངས་བསྒྲགས་དགོངས་སེལ་ཞུ་དགོས་པའི་བཀའ་ཡང་བཏང་བ་རེད།

ད་ཆ་ཁྲིམས་འགལ་ངང་བརྒྱབ་པའི་སྤྲོ་ཁང་བཤིགས་ཟིན་པ་དང་། གཏོར་སྐྱོན་ཕོག་པའི་ས་ཞིང་སླར་གསོ་བྱེད་བཞིན་ཡོད། སྐབས་དེའི་ཁྲེན་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་གཞོན་པ་བྱམས་པ་སྒྲོལ་མས། “རི་སྔོན་ཆུ་དྭངས་དང་གནམ་སྔོན་ས་གཙང་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ང་ཚོས་སྤྱི་ཕན་གཏུག་བཤེར་གྱི་འགན་ནུས་ལ་གོ་བ་ལེན་ནུས་རྒྱུན་མི་ཆད་པར་ཟབ་ཏུ་གཏོང་བ་དང་གྱོད་གཞི་སྒྲུབ་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་བའི་ལག་ལེན་དངོས་ཀྱི་སློབ་ཚན་ཞིག་ཡིན་པས། ཞིབ་དཔྱོད་ལས་ཁུངས་ཀྱིས་རྨོ་ཞིང་ལ་གཏོར་སྐྱོན་གཏོང་རིགས་ལ་རྡུང་རྡེག་དང་ས་ཞིང་གི་སྦགས་བཙོག་བཅོས་སྒྲིག་སོགས་ཀྱི་གྱོད་གཞིར་སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་སྒྲུབ་པར་སྐུལ་འདེད་བཏང་ནས། སྤྱི་ཚོགས་སྤྱི་པའི་ཁེ་ཕན་སྲུང་སྐྱོང་བྱས་ཡོད”ཅེས་བཤད།

2017ལོའི་ཟླ་7པ་ཚུན། བོད་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྒྲུབ་གཉེར་བྱས་པའི་སྤྱི་ཕན་གཏུག་བཤེར་གྱོད་གཞིའི་47%ཡན་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་གྱོད་གཞི་ཡིན་པ་དེ་དག་ཆུའི་ཐོན་ཁུངས་དང་། གཏེར་རི། ནགས་ཚལ། ཟོག་རོ་གཙང་སེལ་སོགས་ཕྱོགས་མང་པོ་དང་འབྲེལ་ཡོད། “རྡུང་རྡེག་གཏོང་བ་ནི་མཐར་གཏུག་གི་དམིགས་ཡུལ་ཞིག་གཏན་ནས་མིན་པར། རི་སྔོན་ཆུ་དྭངས་སྲུང་སྐྱོང་ཡག་པོ་བྱེད་པའི་ལྡོག་མེད་ཀྱི་གནས་ལུགས་ཤིག་རེད”ཅེས་ཝང་ཞུས་ཏུང་གིས་བཤད།

བསྡོམས་རྩིས་ལ་གཞིགས་ན། འདི་ལོའི་ཟླ་11པའི་ཟླ་མཇུག་བར་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས། བོད་ལྗོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཉེ་བའི་ལོ་ཤས་རིང་ཁྱོན་གྱོད་གཞི་2270གྱོད་ཁོངས་སུ་བཅུག་པ་དང་། ཞུ་གཏུག་མ་བརྒྱབ་གོང་ཞིབ་དཔྱོད་ཀྱི་གྲོས་འགོ་1712བཏོན་པ། དམངས་དོན་སྤྱི་ཕན་གཏུག་བཤེར་49(ཉེས་དོན་ཞོར་འབྲེལ་གྱི་དམངས་དོན་སྤྱི་ཕན་གཏུག་བཤེར་ཚུད་པ)ཁྲིམས་ལྟར་གཏུག་པ་ཚང་མར་ཁྲིམས་ཁང་གིས་ཁྲིམས་ཆད་གཅོད་པའི་རྒྱབ་སྐྱོར་ཐོབ་ཡོད།

ས་མཐོའི་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་འཚོལ་ཞིབ་གསར་གཏོད་དང་སྲུང་སྐྱོང་བྱས་པ།

མངའ་རིས་ས་ཁུལ་རྩ་མདའ་རྫོང་ཁོངས་སུ་གུ་གེའི་རྒྱལ་རབས་ཀྱི་གནའ་ཤུལ་དང་མཐོ་ལྡིང་དགོན་སོགས་གནའ་ཤུལ་ཕུན་སུམ་ཚོགས་པོ་ཡོད། དེར་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་3ཚུད་པའི་སྤོ་མི་རུང་བའི་རིག་དངོས་ཁྱོན་189ཡོད། ཁྲིམས་དང་མི་མཐུན་པའི་ཁེ་ཕན་གྱིས་བསླུས་ནས་གནའ་ཤུལ་ཁག་གཅིག་བྲུས་ཏེ་རིག་དངོས་བརྐུ་ཁྱེར་བྱས་ཡོད།

སྤོ་མི་རུང་བའི་རིག་དངོས་དེ་དག་ཞིང་འབྲོག་ཁུལ་དང་ཡངས་ཤིང་རྒྱ་ཆེ་བའི་གྲོང་གསེབ་ཀྱི་གང་སར་གནས་ཡོད་ལ། ཁྱབ་རྒྱ་ཆེ་བ་དང་། གྲངས་འབོར་མང་བ། ལྟ་འདོམས་བྱེད་དཀའ་བ་སོགས་ཀྱི་རྐྱེན་པས་ཕྱོགས་ཡོངས་ནས་སྲུང་སྐྱོང་ཐུབ་མེད། “ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱས་པ་བརྒྱུད། ང་ཚོས་ཤེས་རྟོགས་བྱུང་བའི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་གསུམ་ཕུད། དེ་བྱིངས་ལ་སྲུང་སྐྱོང་གི་ཁྱབ་ཁོངས་དབྱེ་མི་འདུག་ལ། མཚོན་རྟགས་ཀྱི་གསལ་བཤད་ཀྱང་བྱས་མི་འདུག”ཅེས་རྩྭ་མདའ་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་གཞོན་པ་ཚེ་གཡང་གིས་བཤད།

དེར་བརྟེན། རྩྭ་མདའ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་སྤྱི་ཚོགས་ལས་རིགས་ཁག་གི་བསམ་འཆར་དང་གྲོས་འགོ་གང་ལེགས་ཉན་ཞིང་། ས་གནས་ཀྱི་འབྲེལ་ཡོད་སྲིད་འཛིན་གཙོ་གཉེར་དོ་དམ་སྡེ་ཚན་ལ་ཞིབ་དཔྱོད་ཀྱི་གྲོས་འགོའི་ཡི་གེ་སྤྲད་ནས། ས་གནས་ཀྱིས་སྤོ་མི་རུང་བའི་རིག་དངོས་དེ་དག་སྲུང་སྐྱོང་དང་དོ་དམ་གྱི་འགན་འཁྲི་ཏན་ཏིག་སྒྲུབ་དགོས་པའི་གྲོས་འགོ་བཏོན་ཡོད། རྩྭ་མདའ་རྫོང་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་བྱ་སྤྱོད་ཧུར་ཐག་སྤེལ་བ་དང་ཆེད་དོན་གྲོན་དངུལ་མཐུན་སྦྱོར་བྱས་ཏེ། ཞིབ་དཔྱོད་གྲོས་འགོའི་ཡི་གེའི་བླང་བྱ་མགྱོགས་མྱུར་དོན་འཁྱོལ་བྱས་པ་མ་ཟད། རིག་དངོས་སྲུང་སྐྱོང་གི་འབྲེལ་ཡོད་ཚན་པའི་སྲུང་སྐྱོང་གི་ཁྱབ་ཁོངས་དབྱེ་བ་དང་མཚོན་རྟགས་བྱང་བུའི་གསལ་བཤད་སོགས་ཀྱི་སྒྲིག་ཆས་ཁ་སྣོན་བྱས་ཡོད།

སྤྱི་ཕན་གཏུག་བཤེར་བྱས་པ་ནས་བཟུང་། བོད་ཀྱི་རིམ་ཁག་ཞིབ་དཔྱོད་ལས་ཁུངས་ཀྱི་སྤྱི་ཕན་གཏུག་བཤེར་ཁྱབ་རྒྱ་ཆེ་རུ་བཏང་ཞིང་། ཞིང་ཞོར་ཁྲོམ་ར་དང་། སྒོ་རྩིས་ཞིང་འབྲོག་ཐོན་ཟོག ལས་སྣོན་བཟའ་བཅའ་བྲིན་ཚོང་། དྲ་རྒྱའི་བཟའ་བཏུང་བྲིན་ཚོང་བཅས་ལ་གཙོ་གནད་ལྟ་སྐུལ་བྱས་ནས། མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་ལ་གནོད་ཚབས་ཆེ་བའི་ཟས་རིགས་བཟོ་ཚོང་བྱེད་མཁན་ལ་ཁྲིམས་ལྟར་སྤྱི་ཕན་གཏུག་བཤེར་བྱས་པ་དང་། གཞུང་ཁོངས་རྒྱུ་ནོར་གྱི་ཁྲིམས་འཛིན་འགོག་སྲུང་ནན་པོ་བསྲུངས་ཏེ་གཞུང་ཁོངས་རྒྱུ་ནོར་སྲུང་སྐྱོང་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས། ཁྲིམས་ལྟར་གྱོད་ཁོངས་སུ་བཅུག་སྟེ་གྱོང་གུན་མི་ཕོག་པ་བྱས་ཡོད། སྔོན་གཤེགས་དཔའ་བོའི་སྲུང་སྐྱོང་ཁྱབ་ཁོངས་ཀྱི་སྲིད་འཛིན་སྤྱི་ཕན་གཏུག་བཤེར་གྱོད་གཞིར་གྲལ་བཤེར་བྱས་པ་དང་། སྲིད་འཛིན་ལས་ཁུངས་ཀྱིས་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་གྱི་སྲུང་སྐྱོང་ཁྱབ་ཁོངས་དབྱེ་བ་དང་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུར་ལྟ་སྐུལ་བྱས་ཡོད། སྒེར་གྱི་ཆ་འཕྲིན་བདེ་འཇགས་དང་། ན་སོ་དར་ལ་མ་བབས་པའི་མིའི་ཁེ་དབང་སྲུང་སྐྱོང་། སྤྱི་ཕན་འཕྲོད་བསྟེན་བདེ་འཇགས་སོགས་ཁྱབ་ཁོངས་སུ་ཤུགས་རྐྱེན་ལྡན་པའི་གྱོད་གཞི་ཁག་གཅིག་སྒྲུབ་གཉེར་བྱས་ཡོད།

ཕུགས་ལ་དམིགས་ནས་སྤྱི་ཕན་སྲུང་སྐྱོང་གི་རྣམ་པ་ཆེན་པོ་བསྐྲུན་པ།

ཞིབ་དཔྱོད་ཀྱི་སྤྱི་ཕན་གཏུག་བཤེར་འགན་ནུས་སྔར་བས་བཏོན་ནས་ནགས་ལས་དང་རྩྭ་ཐང་སྡེ་ཚན་གྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་རྒྱུར་ལྟ་སྐུལ་རྒྱབ་སྐྱོར་བྱེད་ཆེད། བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་དང་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་མཉམ་དུ་ཇུས་གཞི་བཀྲམ་སྟེ། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་11གི་ནགས་ལས་དང་རྩྭ་ཐང་ཅུས(སྲུང་སྐྱོང་ཁུལ་དོ་དམ་ཅུས)35ལ་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ཀྱི་འབྲེལ་གཏུག་ཁང་བཙུགས་ཏེ། དེ་འཐབ་ཕྱོགས་དང་པོར་ཁྱབ་པར་བྱས་ཡོད།

སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ཀྱི་འབྲེལ་གཏུག་ཁང་འཛུགས་དོན་ནི་བོད་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཕྱོགས་ཁག་གི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་སྤྱི་ཕན་གཏུག་བཤེར་གྱི་ལས་དོན་ཡག་པོ་སྒྲུབ་པར་སྐུལ་འདེད་གཏོང་རྒྱུ་དེ་རེད། ཝང་ཞུས་ཏུང་གིས་མིག་སྔར་བོད་ཀྱི་རྫོང(ཆུས)27གྱིས་སྤྱི་ཕན་གཏུག་བཤེར་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་བཏོན་པ་དང་། ད་དུང་རང་སྐྱོང་ལྗོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཀྱང་རིམ་ཁག་སྲིད་འཛིན་འབྲེལ་ཡོད་འགན་ནུས་སྡེ་ཚན་དབར་མཉམ་འབྲེལ་ཚོགས་འདུ་སོགས་བང་རིམ་མང་བའི་མཐུན་སྦྱོར་ལམ་ལུགས་བཙུགས་ཏེ། ཁུངས་སྣེ་རྩིས་སྤྲོད་དང་རྒྱུན་གཏན་འབྲེལ་གཏུག་སོགས་ཀྱི་ཐད་ཕན་ཚུན་སྤེལ་རེས་དམ་ཟབ་བྱས་ཡོད། བོད་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ད་དུང་སྲིད་འཛིན་ས་ཁོངས་ལས་སྒྲོལ་བའི་སྤྱི་ཕན་གཏུག་བཤེར་མཉམ་ལས་ལ་སྐུལ་འདེད་བཏང་བ་དང་། འབྲེལ་ཡོད་ཞིང་ཆེན་དང་མཉམ་དུ་འབད་བརྩོན་བྱས་ཏེ་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་དང་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་སོགས་ལ་ཞིབ་དཔྱོད་ཀྱི་སྲུང་ཡོལ་བསྐྲུན་ཡོད།

བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་དང་ཞིབ་དཔྱོད་ཨུ་ལྷན་གྱི་ཆེད་བསྐོས་ཨུ་ཡོན་གསར་འགྱུར་མགྲིན་ཚབ་པ་ཧྲེན་ཞའོ་ཏིང་གིས། སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ཀྱི་ལས་དོན་སྤེལ་ཚུན། ཟླ་11པའི་ཟླ་མཇུག་བར་རིམ་རྩིས་བྱས་ན། བོད་ཀྱི་རིམ་ཁག་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གཏུག་བཤེར་གྱོད་གཞིའི་ཁུངས་སྣེ་4757གྲལ་བཤེར་བྱས་པ་དང་གྱོད་གཞི་3183ཐོ་བཀོད་ཡོད། ང་ཚོས་སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི་སྒྲུབ་པའི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་དོ་ཁུར་གྱི་ཁྱབ་ཁོངས་ཟམ་མི་ཆད་པར་རྒྱ་ཆེར་བཏང་སྟེ། ཞིབ་དཔྱོད་ཀྱི་འགན་འཁྲི་སྔར་བས་ལེགས་པར་བསྒྲུབས་ནས་སྤྱི་པའི་ཁེ་ཕན་སྲུང་སྐྱོང་ཡག་པོ་བྱས་ཡོད་ཅེས་ངོ་སྤྲོད་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།