—— སྙན་རོང་རྫོང་ཆུ་བེད་ཅུས་ཀྱི་ཅུས་ཀྲང་ཚེ་དབང་གྲགས་པའི་སྐོར་བཀོད་པ།
ཆུ་བེད་བདེ་འཇགས་ནི་ཐོག་མཐའ་བར་གསུམ་དུ་དམངས་འཚོའི་ལས་དོན་གྱི་གཙོ་གནད་ཅིག་རེད། ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་ཆུ་བེད་ཅུས་ཀྱི་ཅུས་ཀྲང་ཚེ་དབང་གྲགས་པས་ལོ་མང་རིང་སྙན་རོང་དུ་གཞི་ཚུགས་ཏེ་འགན་འཁྲི་འཁུར་བ་དང་། དམངས་ཀྱི་སེམས་ཁྲལ་སེལ་བ། དམངས་ཀྱི་དཀའ་ངལ་ཐག་གཅོད་བྱེད་རོགས་བྱེད་ཀྱི་ཡོད།
2011ལོར་ཚེ་དབང་གྲགས་པས་ཕ་ཡུལ་འཛུགས་སྐྲུན་བྱེད་པའི་ཕུགས་འདུན་བཟང་པོ་དོན་གཉེར་བྱ་ཆེད། རང་ཉིད་ཀྱི་ཕ་ཡུལ་སྙན་རོང་དུ་ལོག གཞི་རིམ་གྱི་གནས་ཚུལ་གང་མགྱོགས་ཁོང་དུ་ཆུད་པ་དང་ཞིབ་ཕྲའི་ལས་འགན་ཁ་གསལ་བཟོ་ཆེད། ཚེ་དབང་གྲགས་པས་སེ་ཆེན་ཤང་གྲོང་ཚོ་15ཡི་གྲོང་སྡོད་ས་ཚིགས་སུ་གྲོང་སྡོད་ལ་འགྲོ་རྒྱུའི་རེ་འདུན་ཐོག་མར་ཞུས་ནས་གྲོང་སྡོད་ལས་དོན་རུ་ཁག་གི་གཟི་བརྗིད་ལྡན་པའི་རུ་མི་ཞིག་ཏུ་གྱུར།
ལས་ཀའི་ཆེད་ལས་རང་བཞིན་ཆེ་བ་དང་། ཁྱབ་རྒྱ་ཆེ་བ། ཕྲག་ཐོག་གི་འགན་འཁྲི་ལྕི་བ་མ་ཟད། ད་དུང་ཆུ་བེད་རྣམ་གྲངས་ནི་གནས་མང་བའི་ཁར་གཞི་ཁྱོན་ཆེ་བས། ཁོང་གིས་དུས་རྟག་ཏུ་ཁ་བ་བུ་ཡུག་འཚུབ་པའི་གནམ་གཤིས་ལ་མི་བལྟོས་པར་དཀའ་ངལ་ཡོད་རྒུ་ཁྱད་དུ་བསད་ནས་ཤང་དང་གྲོང་ཚོ་ཁག་ཏུ་ལས་དོན་སྒྲུབ་པར་སྐྱོད་ཀྱི་ཡོད།
སྙན་རོང་རྫོང་ནི་ས་རྒྱ་ཆེ་ཞིང་མི་འབོར་ཉུང་བས་ཚད་གཞིའི་བླང་བྱ་དང་བསྟུན་ན་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ཀྱི་ལས་གྲྭ་ཕྱོགས་ཡོངས་ལ་ཁྱབ་ཐབས་བྲལ་བ་ཞིག་རེད། དེར་བརྟེན་ཚེ་དབང་གྲགས་པས་འཆར་འགོད་ཚན་པ་དང་འབྲེལ་གཏུག་མཐུན་སྦྱོར་ཐེངས་མང་བྱས་ཏེ། འཐུང་ཆུའི་ལས་གྲྭའི་འཆར་འགོད་ལེགས་སུ་བཏང་ནས་མ་དངུལ་གཏོང་ཉུང་བ་དང་སྐྲུན་མགྱོགས་པ། སྤྱོད་གོ་ཆོད་པ་བཅས་ཀྱི་གློག་ཁྲོན་ཆུང་གྲས་བསྐྲུན་རྒྱུའི་ལས་གྲྭ་ཚོད་ལྟ་བྱས་ནས་སྤེལ་བ་རེད།
གློག་ཁྲོན་ཆུང་གྲས་བསྐྲུན་པའི་ལས་གྲྭ་གཞི་ཁྱོན་ཆེན་པོས་སྤེལ་བས་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ཀྱི་ལས་གྲྭ་ཕྱོགས་ཡོངས་ལ་ཁྱབ་ཡོད་པ་རེད།
སྙན་རོང་རྫོང་གི་ས་ཁོངས་ཁག་གཅིག་གི་ཆུའི་ནང་གཏེར་རྒྱུ་འདུས་ཚད་ཚད་ལས་བརྒལ་བ་དང་བྱེ་མ་འདུས་ཚད་མང་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། ཁོང་གིས་དུས་ཐོག་ཏུ་ཆུའི་སྤུས་ཚད་ལེགས་གཏོང་ཀུང་སི་དང་སྦྲེལ་མཐུད་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་སྔོན་ལ་ཁྱིམ་སྤྱོད་ཆུ་གཙང་གསིང་སྒྲིག་ཆས་ཁྱབ་གདལ་བཏང་ནས་ཆུ་གཙང་མ་གཤིབ་བསྡུར་གྱི་ཚོད་ལྟ་ཟམ་མི་ཆད་པར་བྱས་པ་རེད། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། སྙན་རོང་རྫོང་འདི་ཉིད་འཐུང་ཆུའི་ཞིབ་དཔྱད་ཀྱི་ཚད་གཞི་ལོན་ནས་འབྲོག་པ་མང་ཚོགས་ཀྱི་འཐུང་ཆུ་བདེ་འཇགས་ཡོང་བར་འགན་ལེན་བརྟན་པོ་ཐུབ་ཡོད།
2019ལོར་སྙན་རོང་རྫོང་གི་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ལས་གྲྭ་ཁྱབ་ཚད་100%ཟིན་མོད། འོན་ཀྱང་འབྲོག་ཁུལ་གྱི་དམིགས་བསལ་ཚོད་འཛིན་དབང་གིས་འཐུང་ཆུའི་ལས་གྲྭར་སྔར་བཞིན་དོ་དམ་བྱེད་ཁག་པོ་ཡོད་པ་རེད། དེར་བརྟེན་ཚེ་དབང་གྲགས་པས་འབྲོག་ཁུལ་གྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་ཡུག་སྦྲེལ་ཁུལ་གྱི་འབྲེལ་གཏུག་མི་སྣ་དང་ཟླ་རེའི་འགུལ་རྣམ་གྱི་དོ་དམ་ལམ་སྲོལ་འཛུགས་པ་སོགས་ཀྱི་བྱ་ཐབས་སྤྱད་དེ། འཐུང་ཆུའི་ལས་གྲྭའི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པར་བྱས་ནས་སྙན་རོང་རྫོང་གི་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ལས་གྲྭའི་དོ་དམ་ཆུ་ཚད་མཐོ་རུ་ནུས་ལྡན་བཏང་བ་རེད།
2020ལོའི་ཟླ་11པར་དོ་དམ་གྱི་ལས་ཕྱོད་ཆེ་རུ་གཏོང་བའི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ། ཚེ་དབང་གྲགས་པས་གསར་གཏོད་རང་བཞིན་གྱི་སྒོ་ནས་མང་ཚོགས་ཀྱིས་ལོ་དེར་སྤྲད་པའི་བདག་སྐྱོང་གྲོན་དངུལ་ལ་གཞིགས་ནས་སྲིད་གཞུང་གིས་1:1གི་ལེ་ལག་ཚང་སྒྲིག་གི་སྐུལ་གཏོང་ལམ་སྲོལ་ལག་ལེན་བསྟར་ནས་ལོ་རྗེས་མའི་སྔོན་རྩིས་ནང་བཅུག་པ་དང་འབྲེལ། ཕྱོགས་གསུམ་པའི་གཉེར་སྐྱོང་ཉམས་བཟོ་བདག་སྐྱོང་ཀུང་སི་ནང་འདྲེན་བྱས་ཏེ་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ལས་གྲྭའི་ཉམས་བཟོ་བདག་སྐྱོང་གི་གནད་དོན་ཆེད་ལས་ལ་བརྟེན་ནས་ཐག་གཅོད་བྱེད་རྒྱུའི་གྲོས་འགོ་བཏོན་པ་རེད། གྲོས་འགོ་དེར་གོང་རིམ་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཅིང་། དུས་དེ་ནས་བཟུང་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ལས་གྲྭའི་འཛུགས་སྐྲུན་རྗེས་ཀྱི་དོ་དམ་གྲོན་དངུལ་འགན་ལེན་ཡུན་རིང་དང་ནུས་ལྡན་བྱུང་བ་དང་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ལས་གྲྭའི་དོ་དམ་བདག་སྐྱོང་ལས་དོན་དེ་ཚད་ལྡན་ཅན་གྱི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་ཐུབ་པ་བྱུང་བ་རེད།
ད་ཆ་སྙན་རོང་རྫོང་གི་གཉེར་སྐྱོང་ཉམས་བཟོ་བདག་སྐྱོང་ས་ཚིགས་དངོས་སུ་སྤྱོད་འགོ་ཚུགས་པ་དང་། གཉེར་སྐྱོང་ཉམས་བཟོ་བདག་སྐྱོང་ས་ཚིགས་ཀྱི་ལག་རྩལ་རང་བཞིན་དང་། ཆེད་ལས་རང་བཞིན། མགྱོགས་མྱུར་རང་བཞིན་བཅས་ཀྱི་ལེགས་ཆ་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་པ་དང་བསྟུན་ནས་དུས་འགོའི་མང་ཚོགས་ཀྱི་དོགས་གནད་ཡོངས་སུ་བསལ་བ་དང་མང་ཚོགས་ཀྱིས་བཏོན་པའི་གནད་དོན་ལ་གཉེར་སྐྱོང་ཉམས་བཟོ་བདག་སྐྱོང་ས་ཚིགས་ཀྱི་མི་སྣས་འཕྲལ་དུ་བརྟག་དཔྱད་བྱས་ནས་ས་གནས་ས་ཐོག་ཏུ་ཇུས་གཞི་བཟོས་ཏེ་གནད་དོན་མགྱོགས་མྱུར་ཐག་གཅོད་བྱེད་ཀྱི་ཡོད།
ད་བར་སྙན་རོང་རྫོང་གི་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ལས་གྲྭ་ཁྱབ་ཚད་དེ་2015ལོའི་ལོ་མཇུག་གི་50%ནས་100%བར་འཕེལ་རྒྱས་བྱུང་བ་དང་དབྱར་དགུན་སྟོན་དཔྱིད་རིང་གི་མང་ཚོགས་ཀྱི་འཐུང་ཆུ་འགན་ལེན་ཐུབ་ཡོད།
2015ལོ་ནས་2018ལོ་བར། ཚེ་དབང་གྲགས་པར་ལོ་4བསྟུད་མར་ཕུལ་བྱུང་གི་གཞུང་ལས་པའི་མཚན་སྙན་ཐོབ་པ་དང་། 2018ལོ་དང་2021ལོར་སྔ་རྗེས་སུ་རང་སྐྱོང་ལྗོངས་ཀྱི་གཞུང་ལས་པའི་བྱས་རྗེས་རིམ་པ་གསུམ་པ་དང་ཆུ་བེད་པུའི་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་མི་སྒེར་གྱི་མཚན་སྙན་ཐོབ་པ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
འབྲོག་པ་མང་ཚོགས་ཀྱིས་དྭངས་ཤིང་གཙང་བའི་ཆུ་ཞིག་འཐུང་ཐུབ་པའི་ཆེད་དུ།