འཕྱོངས་རྒྱས་རྫོང་ཆང་ཁྱིམ་གྲོང་ཚོས་གྲོང་གསེབ་ཡུལ་སྐོར་ལ་བརྟེན་པས་འཚོ་བ་ཇེ་ལེགས་སུ་སོང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ལྷོ་ངོགས་འཕྱོངས་རྒྱས་ལུང་གཞུང་དུ་གནས་པའི་ལྷ་ཡུལ་ཤང་ཆང་ཁྱིམ་གྲོང་ཚོས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ཤར་རླུང་ལ་བརྟེན་ནས་རིག་གནས་ཡུལ་སྐོར་ཐོན་ཁུངས་ཟམ་མི་ཆད་པར་སྔོག་འདོན་བྱེད་པ་དང་། རིག་གནས་ཡུལ་སྐོར་གྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། མཛེས་ལྗོངས་ཁུལ་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། གསོ་སྦྱོང་སྒྲིག་འཛུགས་ཤུགས་ཆེན་བཅས་བྱས་པས། གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ཆེན་པོ་བྱུང་བ་དང་སྦྲགས་མི་སེར་གྱི་འཚོ་བ་ལེགས་སུ་ཕྱིན་ཡོད།

ནས་ཆང་གཙོ་བོར་བྱས་ནས། ཐོན་ལས་གཏོད་པའི་ཕན་འབྲས་བཟང་།

ཆང་ཁྱིམ་གྲོང་ཚོར་སླེབས་སྐབས་གྲོང་ཚོའི་འགྲོ་ལམ་ཁོད་སྙོམས་ལ་རྒྱ་ཆེ་བ་དང་། གྲོང་མིའི་སྡོད་ཁང་དང་ཁྱིམ་ཚང་མགྲོན་ཁང་མཛེས་ཤིང་གྲལ་འགྲིག་པ། བོད་བཟོའི་གྲོང་ཚོའི་ཁང་པ་གྲལ་སྟར་འགྲིག་པ་བཅས་ཡོད། གློ་བུར་དུ་ནས་ཆང་གི་དྲི་ཞིམ་ལྷང་ལྷང་འཐུལ་བ་ལས་གསར་འགོད་པའི་ཡིད་དབང་རབ་ཏུ་འཕྲོག འཕྱོངས་རྒྱས་རྫོང་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱི་ཅུས་ཀྲང་གཞོན་པ་བསྟན་འཛིན་རྡོ་རྗེས“ཆང་ཁྱིམ་གྲོང་ཚོར་སྔར་ནས་ནས་ཆང་གི་ཕ་ཡུལ་ཞེས་པའི་མཚན་སྙན་ལྡན་ལ་ནས་ཆང་སྙོལ་བའི་ལོ་རྒྱུས་ཡུན་རིང་ལྡན་པས་གྲོང་མི་མང་པོ་ཞིག་གིས་ནས་ཆང་སྙོལ་ཤེས་ཀྱི་ཡོད”ཅེས་བཤད།

གསར་འགོད་པ་གྲོང་མིའི་སྡོད་ཁང་ཞིག་ཏུ་སླེབས་སྐབས། ཆང་སྣོད་ཆེ་ཆུང་མང་པོ་སྟར་པ་བསྒྲིགས་ཡོད་པ་དེར་དོ་སྣང་ཆེན་པོ་བྱུང་། འདི་ལོ་ལོ་48ལ་སླེབས་པའི་བློ་བཟང་རྡོ་རྗེས། ངའི་ཁྱིམ་ནི་གྲོང་ཚོའི་ནང་ནས་ཆང་སྙོལ་མཁན་སྔ་ཤོས་ཡིན་པ་དང་བསྙལ་ཟིན་པའི་ནས་ཆང་གྲང་ཉར་བྱས་ཏེ་ཁག་གཅིག་ཕྱིར་ཚོང་བ་དང་ཁག་གཅིག་སོ་སོས་འཐུང་གི་ཡོད་ཅེས་བཤད། གསར་འགོད་པ་དང་སྐད་ཆ་ཤོད་བཞིན་དུ། བློ་བཟང་རྡོ་རྗེས་ནས་ཆང་ཞིག་བླངས་ཏེ“ཁྱེད་ཚོས་གཟིགས་དང་། ང་ཚོས་བསྙལ་བའི་ནས་ཆང་དེ་འགྱིག་སྣོད་ནང་བླུགས་ཡོད་པས་ཐུམ་སྒྲིལ་བྱེད་སྟངས་གཞན་དང་མི་འདྲ་བ་ཞིག་ཡོད། ཉེ་བའི་ལོ་ཤས་ནང་གྲོང་ཚོར་ཡུལ་སྐོར་བ་རིམ་གྱིས་མང་དུ་ཕྱིན་པ་དང་ཡུལ་སྐོར་བ་མང་པོ་ཞིག་དེ་ནས་ཐོན་སྐབས་ནས་ཆང་མང་པོ་ཉོ་གི་འདུག་པས་ཕྱིར་ཚོང་མི་ཐུབ་པའི་སེམས་ཁྲལ་མི་འདུག ངའི་ཁྱིམ་ལ་ན་ནིང་ནས་ཆང་བཙོངས་པའི་ཡོང་འབབ་ཁོ་ན་སྒོར་ཁྲི་19ཟིན་ཡོད”ཅེས་བློ་བཟང་རྡོ་རྗེས་བློ་ཡིད་ཚིམ་པོའི་ངང་བཤད།

ཉེ་བའི་ལོ་ཤས་རིང་། འཕྱོངས་རྒྱས་རྫོང་གིས་ཆང་ཁྱིམ་གྲོང་ཚོའི་ནས་ཆང་གི་ལོ་རྒྱུས་འབྱུང་ཁུངས་དང་རིག་གནས་ཀྱི་ནང་དོན་སྔོག་འདོན་ཤུགས་ཆེན་བྱས་ཏེ། ནས་ཆང་གི་རིག་གནས་གཞི་རྟེན་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ནས་ཆང་གི་ཐོན་ལས་ཁྱད་ཆོས་ཅན་དང་སྤུས་རྟགས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བས། ནས་ཆང་དེ་ཆང་ཁྱིམ་གྲོང་ཚོས་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་པའི“གསེར་གྱི་མིང་བྱང”ལྟ་བུར་གྱུར་པ་མ་ཟད། གྲོང་ཚོ་ཡོངས་ཀྱི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་པའི་ཐབས་ལམ་ཞིག་ཏུ་དེ་བས་གྱུར་ཡོད།

2016ལོའི་ཟླ་7པར། ཆང་ཁྱིམ་གྲོང་ཚོས“ཆང་ཆེན་ནས་ཆང་སྤུས་རྟགས་ཚོང་རྟགས”ཀྱི་ཐོ་འགོད་ལེགས་གྲུབ་བྱུང་བ་དང་། 2020ལོར་ཁྱོན་མ་དངུལ་སྒོར་ཁྲི་747.6བཏང་བའི་ནས་ཆང་གཞིས་ཀའི་རྣམ་གྲངས་ལག་བསྟར་བྱས་པ་དང་། མིག་སྔར་ཚོད་ལྟ་འཁོར་སྐྱོད་ཀྱི་དུས་མཚམས་སུ་སླེབས་ཡོད། ཆང་ཁང་གིས་ལས་ཞུགས་དང་ཡོང་འབབ་བགོ་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དུད་ཚང་དབུལ་པོའི་མི་26ལ་མི་རེར་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་1000ཡན་ཡོང་བར་སྐུལ་ཁྲིད་བྱས་པ་དང་། མ་བཅོས་རྒྱུ་ཆ་མཁོ་འདོན་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དུད་ཚང་110ལ་ལོ་རེར་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་2000ཡོང་རྒྱུར་སྐུལ་ཁྲིད་བྱས་ཤིང་། དུས་མཇུག་ཏུ་གཉེར་སྐྱོང་བྱས་ཚུལ་ལ་གཞིགས་ནས་ལོ་ལྟར་སྐུལ་ཁྲིད་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

ཁྱིམ་ཚང་མགྲོན་ཁང་གཉེར་ནས། ཡུལ་སྐོར་བ་འགུགས་པའི་ཐབས་ལམ་བཟང་།

གྲོང་མི་བསོད་ནམས་ཆོས་སྒྲོན་གྱི་ཁྱིམ་དུ་སླེབས་སྐབས་ཁོང་ནང་ལས་ལ་བྲེལ་བཞིན་ཡོད་པ་དང་གད་རྒྱག་པ་དང་ཉལ་ཆས་བསྡུ་བ་ལ་སོགས་ལས་ཀ་བྱང་ཆུབ་པོ་ཞིག་འདུག

2020ལོར་ཆང་ཁྱིམ་གྲོང་ཚོས་ཁྱིམ་ཚང་མགྲོན་ཁང་གི་རིག་གནས་དམ་འཛིན་བྱ་གཞིར་བྱས་ཏེ་བེད་མེད་དུ་ལུས་པའི་ཞིང་པའི་སྡོད་ཁང་གང་འགབ་ཅི་སྤྱོད་བྱས་པ་དང་། “གྲོང་གསེབ་ཡུལ་སྐོར་དང་ཁྱིམ་ཚང་མགྲོན་ཁང་ཟུང་འབྲེལ”གྱི་འཕེལ་རྒྱས་གཏོང་སྟངས་ལ་བརྟེན་ནས་ཞིང་འབྲོག་མང་ཚོགས་འབབ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། རྫོང་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་ཁྱིམ་ཚང་མགྲོན་ཁང་37ལ་གདན་དང་ཕོ་ཁེབས་ཀྱི་ཤུབས་དང་སྔས་ཤུབས་སོགས་གཅིག་གྱུར་དུ་སྤྲད་ཡོད”ཅེས་བསྟན་འཛིན་རྡོ་རྗེས་བཤད།

བསྡོམས་རྩིས་བྱས་པར་གཞིགས་ན། 2020ལོའི་ཟླ་5ཚེས་4ཉིན་ཡུལ་སྐོར་བ་ཁག་དང་པོ་ཆང་ཁྱིམ་གྲོང་ཚོར་སླེབས་ཚུན་ཡུལ་སྐོར་སྣེ་ལེན་ཡོང་འབབ་སྒོར་ཁྲི་32.32ཟིན་པ་དང་། ཁྱིམ་ཚང་མགྲོན་ཁང་37ལ་ཆ་སྙོམས་འབབ་འཕར་སྒོར་9000ལྷག་ཙམ་བྱུང་བ་རེད།

“ངའི་ཁྱིམ་གྱི་ཁང་པ་འདི་2009ལོར་བསྐྲུན་པ་དང་ཐོག་སོ་དང་པོར་རྣམ་ཀུན་དངོས་ཟོག་ཙག་ཙིག་འཇོག་གི་ཡོད། ན་ནིང་ལོ་འགོར་ངས་ཆེད་མངགས་སྒོར་ཁྲི་2ལྷག་ཙམ་བཏང་ནས་ཐོག་སོ་དང་པོའི་ཁང་མིག་4མཛེས་བཟོ་བྱས་ནས་ཁྱིམ་ཚང་མགྲོན་ཁང་གཉེར་བ་ཡིན”ཞེས་བསོད་ནམས་ཆོས་སྒྲོན་གྱིས་འཛུམ་དམུལ་དམུལ་ངང་གསར་འགོད་པར་བཤད། ཁོང་གིས“ད་ཆ་ཁྱིམ་དུ་བསྡོམས་ཉལ་ཁྲི་8ཡོད། ན་ནིང་ཟླ་5པ་ནས་ད་བར་ཡུལ་སྐོར་བ་400ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་27000ལྷག་ཙམ་བྱུང་། ཡུལ་སྐོར་ལས་རིགས་གཉེར་བས་འཚོ་བ་ཇེ་ལེགས་སུ་ཕྱིན་སོང་། ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།

རིམ་སྤོར་བྱས་ནས་ཡུལ་སྐོར་ཞབས་ཞུ་དེ་བས་འཐུས་སྒོ་ཚང་དུ་བཏང་།

ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་གཏོང་ཆེད། ཆང་ཁྱིམ་གྲོང་ཚོས་ཕྱོགས་ཡོངས་ནས་མགྲོན་ཁང་རིམ་སྤོར་དང་ཞབས་ཞུ་སྤུས་ལེགས་སུ་བཏང་བས་མགྲོན་པོར་ཡོང་མཁན་ཇེ་མང་དུ་ཕྱིན་ཡོད། 2020ལོའི་ཟླ་5པར་ཆང་ཁྱིམ་གྲོང་ཚོས་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཆང་ཁྱིམ་གྲོང་གསེབ་ཡུལ་སྐོར་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། མཉམ་ལས་ཁང་གིས་ཁྱིམ་ཚང་མགྲོན་ཁང་37ལ་གཅིག་སྡུད་ཚད་ལྡན་གྱི་དོ་དམ་བྱས་ཤིང་། མཉམ་ལས་ཁང་གིས་འགྲུལ་པ་བགོ་བཤའ་རྒྱག་པ་དང་དོ་དམ་དང་ཐོབ་ཆ་བགོ་བའི་ལམ་ལུགས་འཐུས་སྒོ་ཇེ་ཚང་དུ་བཏང་བ་རེད།

ཉེ་བའི་ལོ་ཤས་རིང་། འཕྱོངས་རྒྱས་རྫོང་ཨུད་དང་རྫོང་སྲིད་གཞུང་གིས“ཕྱིར་སྐྱོད་པ་དང་ནང་དུ་གདན་དྲངས་པའི”བྱེད་ཐབས་བརྒྱུད། འབྲེལ་ཡོད་མི་སྣ་སྒྲིག་འཛུགས་བྱས་ཏེ་ཉིང་ཁྲི་ཟུར་གསུམ་གྲོང་ཚོ་དང་། ཧྲའན་ཤིས་ཡོན་ཅ་གྲོང་ཚོ། སི་ཁྲོན་མིང་གཡོད་གྲོང་ཚོ་སོགས་སུ་ལྟ་སྐོར་དང་རྟོག་ཞིབ་བྱས་ནས་ས་གནས་དེ་གའི་ཁྱིམ་ཚང་མགྲོན་ཁང་གཉེར་སྐྱོང་དོ་དམ་གྱི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་རེད།

“མཉམ་ལས་ཁང་གིས་དུས་བཀག་ལྟར་ཁྱིམ་ཚང་མགྲོན་ཁང་གི་གཉེར་སྐྱོང་མི་སྣ་དང་། འགྲེལ་བཤད་པ། བཟའ་བཏུང་ཞབས་ཞུ་བ་བཅས་སྒྲིག་འཛུགས་བྱས་ནས་གྲོང་གསེབ་ཡུལ་སྐོར་གསོ་སྦྱོང་བྱེད་ཀྱི་ཡོད། ང་རང་གསོ་སྦྱོང་དེ་ལྟ་བུའི་ནང་ཞུགས་པར་ཧ་ཅང་དགའ་པོ་ཡོད། ཕན་འདོགས་ཆེན་པོ་འདུག གསོ་སྦྱོང་ནང་ཞུགས་པ་བརྒྱུད་ངས་ཁྱིམ་ཚང་མགྲོན་ཁང་གཉེར་སྐྱོང་བྱེད་པའི་ཤེས་བྱ་མང་པོ་ཤེས་བྱུང”ཞེས་བསོད་ནམས་ཆོས་སྒྲོན་གྱིས་གསར་འགོད་པར་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། མཉམ་ལས་ཁང་དེར་མཉམ་ལས་ཁང་གི་འབྲེལ་ཡོད་ཤེས་བྱ་གསོ་སྦྱོང་དང་། འགྲེལ་བཤད་པ་གསོ་སྦྱོང་། གྲོང་ཚོའི་ཡུལ་སྐོར་ཚོགས་པ་ཡོངས་ཀྱི་སྣེ་ལེན་གསོ་སྦྱོང་སོགས་ནང་དོན་ཁག་11ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།