ཝང་ཅུན་ཀྲེང་གིས་འབྲས་སྤུངས་དགོན་དང་སེ་ར་དགོན་དུ་བརྟག་ཞིབ་གནང་།

0de5d288-9044-4f19-82b6-d822be390f66.jpg

འདི་ནི་ཝང་ཅུན་ཀྲེང་གིས་སེ་ར་དགོན་དུ་མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལེས་བསྩལ་བའི་བཀའ་འགྱུར་ལ་གཟིགས་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12ཚེས22ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་འབྲས་སྤུངས་དགོན་དང་སེ་ར་དགོན་དུ་བརྟག་ཞིབ་གནང་ཞིང་། ཁོང་གིས་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་གྱི་བཅོས་སྐྱོང་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་རྒྱུ་མཐའ་འཁྱོངས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་བ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་དང་འཚམ་པ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ་རེད།

འབྲས་སྤུངས་དགོན་དུ་ཝང་ཅུན་ཀྲེང་གིས་དགོན་སྡེའི་ལོ་རྒྱུས་དང་། དགེ་འདུན་པའི་ཐོས་བསམ་སྒོམ་སྒྲུབ། རིག་དངོས་སྲུང་སྐྱོབ། དགོན་སྡེ་དོ་དམ་ལས་དོན་ལ་ཤུགས་སྣོན་དང་གསར་གཏོད་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གསན་ཞིང་། དགོན་སྡེའི་མཁན་པོ་འཇམ་དཔལ་ལྷག་བསམ་དང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ངག་དབང་ཆོས་འཛིན་གྱིས། ཏང་དང་སྲིད་གཞུང་གིས་ཆོས་ཕན་དགོན་ཕན་གྲྭ་ཕན་བཅས་ཀྱི་སྲིད་ཇུས་བཟང་པོ་རབ་དང་རིམ་པ་ལག་ལེན་བསྟར་བ་དང་། དགེ་འདུན་པ་ཡོངས་ཀྱིས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པ་བྱུང་བས། ཚང་མས་ཏང་དང་སྲིད་གཞུང་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་ཅེས་བརྗོད། ཝང་ཅུན་ཀྲེང་གིས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་ཚོས་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། གཏམ་སྤྱོད་ཚུལ་མཐུན་ཡོང་བར་ཁྲིད་སྟོན་བྱེད་པ། ཕྱིའི་ཕྱོགས་གཏོགས་ཀྱིས་ཆོས་ལུགས་ལས་དོན་ལ་ཐེ་ཇུས་བྱ་རྒྱུར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། ཆོས་ལུགས་ཞི་དུལ་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་དགོས་ཞེས་གསུངས་པ་རེད།

སེ་ར་དགོན་དུ་ཝང་ཅུན་ཀྲེང་གིས་ཚོགས་ཆེན་འདུ་ཁང་དང་ཆོས་ར་སོགས་སུ་རྟོག་ཞིབ་གནང་ཞིང་། དགོན་པས་ཉར་ཚགས་བྱས་པའི་མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལེས་བསྩལ་བའི་བཀའ་འགྱུར་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་རིག་དངོས་རེད། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཀྲ་ཤིས་རྒྱལ་མཚན་གྱིས་རིག་དངོས་དེར་རྒྱ་བོད་ཡི་གེ་གཉིས་ཀྱི་དཀར་ཆག་བཀོད་ཡོད་པས། དེ་ནི་ཀྲུང་ཧྭ་མི་རིགས་གཅིག་ལ་གཅིག་འབྲེལ་དང་ཕན་ཚུན་མཉམ་འདྲེས་དང་བོད་རྒྱ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་བཅས་ཀྱི་ལོ་རྒྱུས་ཀྱི་དཔང་རྟགས་ཤིག་ཡིན་ཞེས་ངོ་སྤྲོད་བྱས། ཝང་ཅུན་ཀྲེང་གིས་ནན་ཏན་ངང་གཟིགས་རྗེས། རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ་དང་། བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་མི་རིགས་ཁག་དབར་ཡུན་རིང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཀྱི་དོན་དངོས་སྔོག་འདོན་དང་། ལེགས་སྒྲིག དྲིལ་བསྒྲགས་བཅས་བྱེད་པ། ལྟ་འདོད་ལ་ཉན་སྤྲོ་བའི་བྱ་ཐབས་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ཁྲོད་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ། ཀྲུང་ཧྭ་མི་རིགས་ནི་ལས་དབང་གཅིག་མཐུན་འདུས་གྲུབ་ཡིན་པ་ཤེས་རྟོགས་གཏིང་ཟབ་ཐུབ་པ་བྱེད་པ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཟམ་མི་ཆད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་དགོས་ཞེས་གསུངས་པ་རེད།

བརྟག་ཞིབ་གནང་སྐབས་ཝང་ཅུན་ཀྲེང་གིས་དགོན་སྡེའི་དོ་དམ་ལས་དོན་ལ་ཤུགས་སྣོན་དང་གསར་གཏོད་ལ་ཐོབ་པའི་གྲུབ་འབྲས་གསར་པར་གདེང་འཇོག་གང་ལེགས་གནང་བ་མ་ཟད། དགོན་སྡེའི་དགེ་འདུན་པ་དང་དགོན་སྡོད་ལས་བྱེད་པར་བྱམས་བརྩེའི་འཚམས་འདྲི་ཡང་གནང་བ་རེད།

ཝང་ཅུན་ཀྲེང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་དུས་རབས་གསར་པའི་ཆོས་ལུགས་ལས་དོན་གྱི་བསམ་བློ་གསར་པ་དང་། འདུ་ཤེས་གསར་པ། འཐབ་ཇུས་གསར་པ་བཅས་ལ་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་གནང་བ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་དང་། དུས་རབས་གསར་པའི་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པའི་མཛུབ་ཁྲིད་བསམ་བློ་དང་། འཐབ་ཇུས་དམིགས་ཚད། གཙོ་གནད་ལས་འགན། སྲིད་ཇུས་བྱ་ཐབས་བཅས་ཁ་གསལ་བཏོན་གནང་ནས་དུས་རབས་གསར་པའི་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད་ལ། རྩ་བའི་གཞི་འཛིན་སའང་མཁོ་འདོན་གནང་ཡོད། ང་ཚོས་ཆོས་ལུགས་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་བོད་ཀྱི་ཆོས་ལུགས་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་བཏོད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རྒྱ་ཆེའི་གྲྭ་བཙུན་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་སྟོན་ཟབ་མོ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་བཅངས་ནས་ཆབ་སྲིད་ཐད་བློས་འཁེལ་བ་དང་རྒྱལ་གཅེས་སྙིང་སྟོབས་དར་སྤེལ་བཏང་ནས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་མོས་སེམས་ཟམ་མི་ཆད་པར་ཟབ་ཏུ་བཏང་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས། ཆོས་ལུགས་ཐད་ཐོས་བསམ་ཟབ་མོ་བྱས་ཏེ། ཕྱོགས་ཡོངས་ནས་ཆོས་ལུགས་བཅོས་སྐྱོང་ནན་པོ་བྱེད་པ་དང་། སྣེ་ཁྲིད་དེ་ཁྲིམས་སྲུང་སྒྲིག་སྲུང་བྱེད་པ། ཆོས་ལུགས་ཀྱི་ཡོན་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། སྤྱོད་ལམ་ཐད་དམངས་མགུ་པོ་ཡོང་བར་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལག་བསྟར་དང་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་ཐུབ་པར་བྱས་ནས་རྒྱལ་ཁབ་ཀྱི་འདུ་ཤེས་དང་། བཅའ་ཁྲིམས་ཀྱི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས་བཅས་བརྟན་པོ་འཛུགས་དགོས། འགག་རྩའི་དུས་ནུས་པ་ཐོན་པར་བྱས་ཏེ། ཁ་ཕྲལ་གཏོར་བཤིག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་དགོས།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གིས་ཆོས་ལུགས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། རིམ་ཁག་ཏང་ཨུད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་ཆོས་ལུགས་ལས་རིགས་ཀྱི་ཚབ་མཚོན་མི་སྣ་དང་བཞུགས་མོལ་དང་ཏང་སྲིད་འགོ་ཁྲིད་ལས་བྱེད་པ་གཙོ་བོས་གཙོ་གནད་དགོན་སྡེ་དང་ཆོས་ལུགས་ལས་རིགས་ཀྱི་ཚབ་མཚོན་མི་སྣ་དང་འབྲེལ་གཏུག་བྱེད་པ་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱས་ཏེ་གཏོགས་ཁོངས་དོ་དམ་དང་། རིམ་དབྱེ་འགན་འཁུར། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཞིབ་ཕྲའི་འགན་འཁྲི་བཅས་ནན་དུ་གཏོང་དགོས། ཁྲིམས་ལྟར་དོ་དམ་དང་། དམངས་གཙོ་དོ་དམ། སྤྱི་ཚོགས་ཀྱི་དོ་དམ་བཅས་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ་དང་དོ་དམ་ཐད་གཙོ་ཁྲིད་དང་། དོ་དམ་ནང་ཞུགས་པ། དོ་དམ་ལ་གཞོགས་འདེགས་བྱེད་པ་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ་ཁྲིམས་ལྟར་དགོན་སྡེའི་དོ་དམ་ལ་མུ་མཐུད་ཤུགས་སྣོན་དང་ལེགས་སུ་གཏོང་བ་དང་། བཅའ་ཁྲིམས་ཁྱབ་གདལ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་ཆོས་ལུགས་ལས་རྒྱལ་ཁབ་གལ་ཆེ་བ་དང་། འདུལ་ཁྲིམས་ལས་རྒྱལ་ཁྲིམས་ཆེ་བ། ཆོས་འབངས་ལས་སྤྱི་དམངས་ཆེ་བ་བཅས་གསལ་པོ་ཤེས་པར་བྱེད་དགོས། ཁྲིམས་མཐུན་སྲུང་སྐྱོང་དང་། ཁྲིམས་འགལ་བཀག་འགོག ཐལ་སྐྱོད་གཏན་འགོག སིམ་འཛུལ་བཀག་འགོག ཉེས་གསོག་ལ་རྡུང་རྡེག་གཏོང་བ་བཅས་མཐའ་འཁྱོངས་བྱས་ནས་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་ཐུབ་པར་བྱེད་དགོས། དགོན་སྡེ་དོ་དམ་ཨུ་ལྷན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། འགོ་ཁྲིད་ཚན་ཁག་ལེགས་འདེམས་ཧྲག་སྒྲིག་བྱེད་པ། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་འཚར་ལོངས་ཡོང་བར་སེམས་ཁུར་བཅས་བྱས་ཏེ་མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་ཟབ་པ་དང་། ཆོས་ལུགས་ལས་དོན་ལ་རྒྱུས་མངའ་ཆེ་བ། མང་ཚོགས་ཀྱི་ལས་དོན་སྒྲུབ་མཁས་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་པར་ཤུགས་སྣོན་རྒྱག་དགོས། དགོན་སྡེ་དོ་དམ་ཨུ་ལྷན་གྱིས་དགོན་སྡེའི་གྲྭ་བཙུན་གྱི་སློབ་གསོ་དང་དོ་དམ་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་ཁྲིད་སྟོན་ཡག་པོ་དང་། དོ་དམ་ཡག་པོ། ཞབས་ཞུ་ཡག་པོ་བཅས་ཐུབ་པར་བྱས་ཏེ། རྒྱ་ཆེའི་གྲྭ་བཙུན་གྱི་འཚོ་བའི་ཆ་རྐྱེན་ཟམ་མི་ཆད་པར་ལེགས་སུ་བཏང་ཐོག་རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་ཐུབ་པ་བྱས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།

ཡན་ཅིན་ཧའེ་དང་། ཀརྨ་ཚེ་བརྟན། ཟླ་བ་ཚེ་རིང་། བསྟན་ཁོ་བཅས་བརྟག་ཞིབ་ནང་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།