ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གནམ་གཤིས་གྲང་དུ་ཕྱིན་པ་དང་བསྟུན་ནས་ལྷ་སའི་གྲོང་མིས་དྲོད་རླངས་སྤྱོད་ཚད་ཀྱང་རིམ་གྱིས་མང་དུ་འགྲོ་བཞིན་ཡོད། ཉེ་ཆར་གསར་འགོད་པས་ཁུ་ནུ་ནུས་རྒྱུ་བོད་ལྗོངས་ཚད་ཡོད་ཀུང་སིའི་ལྷ་ས་རང་བྱུང་སོལ་རླངས་ས་ཚིགས་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོའི་དགུན་དུས་དང་སང་ལོའི་དཔྱིད་དུས་སུ་ལྷ་ས་གྲོང་ཁྱེར་གྱི་དྲོད་རླངས་བདེ་འཇགས་དང་བརྟན་པོའི་ངང་མཁོ་སྤྲོད་འགན་ལེན་བྱ་ཆེད། རང་བྱུང་སོལ་རླངས་ས་ཚིགས་དེས་རང་བྱུང་སོལ་རླངས་རྒྱ་དཔངས་གྲུ་བཞི་ཁྲི་124གྲབས་གསོག་བྱས་ནས་གྲོང་མིར་མཁོ་འདོན་བྱེད་བཞིན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། སྔོན་ཆད་ལྟར་ན། ལོ་ལྟར་གྱི་ཟླ་11ནས་བཟུང་ལྷ་སས་དྲོད་རླངས་གཅིག་སྡུད་མཁོ་འདོན་བྱེད་ཀྱི་ཡོད། “དགུན་ཁ་ཤར་རྗེས་གནམ་གཤིས་ཇེ་གྲང་དུ་འགྲོ་བ་མ་ཟད། སྔ་དགོང་གི་དྲོད་ཚད་ཧེ་བག་ཀྱང་ཆེ་བ། ང་ཚོའི་ཁྱིམ་དུ་ཕྲུ་གུ་དང་རྒན་རྒོན་ཡོད་པས་དགོང་མོ་རྟག་པར་དྲོད་རླངས་གཏོང་གི་ཡོད་པ་དང་ཉིན་གཉིས་པའི་ཞོགས་པ་གཞི་ནས་འགོག་གི་ཡོད”ཅེས་གྲོང་མི་པད་མ་ལྷ་མོས་བཤད། ཁོང་ཁྱིམ་གྱིས་དྲོད་རླངས་སྤྱད་ནས་ལོ་དྲུག་བདུན་འགྲོ་ཡི་ཡོད།
ཉེ་བའི་ལོ་ཤས་རིང་། ལྷ་སའི་གྲོང་མིས་དྲོད་རླངས་སྤྱོད་ཚད་མངོན་གསལ་དོད་པོས་མང་དུ་འགྲོ་བཞིན་ཡོད། ལྷ་ས་གྲོང་ཁྱེར་གྱི་གྲོང་མིས་འདི་ལོའི་ཟླ་11ནས་སང་ལོའི་ཟླ་3ཚེས་15ཉིན་བར་གྱི་དྲོད་རླངས་མཁོ་འདོན་དུས་ཚིགས་སུ་སྤྱོད་པའི་དྲོད་རླངས་ཀྱི་དགོས་མཁོ་སྐོང་ཆེད། ཁུ་ནུ་ནུས་རྒྱུ་བོད་ལྗོངས་ཚད་ཡོད་ཀུང་སི་ལྷ་སའི་རང་བྱུང་སོལ་རླངས་ས་ཚིགས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་འབྲེལ་དུ་མཚོ་བོད་ལམ་ཐིག་ཏུ་སྐྱོད་པའི་སྐྱེལ་འདྲེན་འགན་ལེན་རླངས་འཁོར་ལ་ཐོགས་མེད་འགྲོ་སྐྱོད་ལག་ཁྱེར་གཉེར་བ་དང་འབྲེལ། རང་བྱུང་སོལ་རླངས་སྤྱོད་ཚུལ་ལ་གཞིགས་ནས་སྐྱེལ་འདྲེན་འགན་ལེན་རླངས་འཁོར་བཀོད་སྒྲིག་གི་ལས་དོན་ཡག་པོ་སྒྲུབ་བཞིན་ཡོད།
གཞན་ཡང་རང་བྱུང་སོལ་རླངས་ས་ཚིགས་ཀྱི་དགུན་དུས་ཀྱི་མཁོ་སྤྲོད་འགན་ལེན་ཇུས་གཞིར་གཞིགས་ནས། མིག་སྔར་ཉིན་ལྟར་རླངས་འཁོར་10གོར་མོ་ནས་ཐོན་གྱི་ཡོད་པ་དང་རླངས་འཁོར་རེའི་སྐྱེལ་འདྲེན་བྱེད་ཚད་གཤེར་གྱུར་རང་བྱུང་སོལ་རླངས་ཏུན་20ཟིན་གྱི་ཡོད་པ་དེ་རང་བྱུང་སོལ་རླངས་རྒྱ་དཔངས་གྲུ་བཞི་ཁྲི་3ལ་སྒྱུར་ཐུབ་ཀྱི་ཡོད་པས། ཉིན་རེར་ཆ་སྙོམས་སྐྱེལ་འདྲེན་བྱེད་ཚད་རྒྱ་དཔངས་གྲུ་བཞི་ཁྲི་30ཟིན་གྱི་ཡོད་པ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ལྷ་སས་ད་ལོའི་དགུན་དུས་དང་སང་ལོའི་དཔྱིད་དུས་ཀྱི་གྲོང་མིའི་དྲོད་རླངས་ཀྱི་དགོས་མཁོ་བསྐངས་བ།