བརྩེ་བ་ཆེན་པོ་བྱིས་པའི་སྙིང་ལ་བཅངས།

—— ཅང་སུའུ་ཡིས་ལྷ་སར་བྱིས་པའི་ལྷན་སྐྱེས་སྙིང་ནད་གྲལ་བཤེར་སྐྱོབ་བཅོས་ལས་དོན་སྤེལ་བའི་སྐོར་བཀོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཅང་སུའུ་ཡི“སྙིང་ནད་སྨན་བཅོས་འདུ་འགོད”ཀྱི་ཁོངས་མིས་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་། འདམ་གཞུང་རྫོང་། མལ་གྲོ་གུང་དཀར་རྫོང་བཅས་ཀྱི་སློབ་ཆུང་8དུ་བསྐྱོད་དེ། སློབ་མ་5314ལ་ལྷན་སྐྱེས་སྙིང་ནད་གྲལ་བཤེར་བྱས་པས། གཤགས་བཅོས་བྱེད་དགོས་པའི་བྱིས་པ་55གྲལ་བཤེར་ཐུབ་པ་དང་འབྲེལ། དུས་འགོར་ནན་ཅིང་དུ་གཤགས་བཅོས་བྱས་པའི་བྱིས་པ་ཁག་གཅིག་ལ་འཚམས་འདྲི་བྱས་པ་རེད།

མལ་གྲོ་གུང་དཀར་རྫོང་ཉི་ལྕང་ཤང་ལྟེ་བའི་སློབ་ཆུང་གི་ལུས་རྩལ་ཐང་ཆེན་དུ་སློབ་མ་900ལྷག་ཙམ་བང་བསྒྲིགས་ནས་བརྟག་དཔྱད་བྱེད་རྒྱུར་བསྒུགས་ནས་བསྡད་ཡོད། ཅང་སུའུ་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་དང་ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀའོ་ཕེང་གིས་བཀོད་འདོམས་བྱེད་བཞིན་ཡོད་པ་དང་། རུ་སྣེ་འཁྲིད་མཁན་ལི་ཆིང་གོ་དང་དེ་མིན་སྨན་པ་འགའ་ཞིག་གིས་སྨན་གོས་དཀར་པོ་གྱོན་པ་དང་ལག་ཏུ་ཉན་བརྟག་ཡོ་བྱད་ཁྱེར་ཏེ། མི་རེ་རེས་རུ་སྟར་གྲུ་བཞི་རེའི་སློབ་མར་ཐོག་མའི་བརྟག་དཔྱད་བྱེད་པའི་འགན་འཁུར་བཞིན་ཡོད།

ནན་ཅིང་དང་བར་ཐག་སྤྱི་ལེ་3800ལྷག་ཙམ་ཡོད་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4400ཟིན་པའི་གྲོང་ཁྱེར་འདིར་ཅང་སུའུ་ཡི“སྙིང་ནད་སྨན་བཅོས་འདུ་འགོད”ཀྱི་ཁོངས་མི་དང་། ནན་ཅིང་གསོ་རིག་སློབ་ཆེན་སྤྱི་པའི་འཕྲོད་བསྟེན་སློབ་གླིང་། སྐྱེ་འཕེལ་གསོ་རིག་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་གི་ཚན་ཞིབ་མི་སྣ་བཅས་ལས་གྲུབ་པའི་ཚོགས་པས་དུས་ཡུན་གཟའ་འཁོར་གཅིག་རིང་ཕྱོགས་ཡོངས་ནས་གྲལ་བཤེར་དང་རྒྱུན་འཁོར་བརྟག་དཔྱད་ལས་དོན་སྤེལ་བ་རེད།

བསྡོམས་རྩིས་བྱས་པར་གཞིགས་ན། རང་རྒྱལ་ནི་ལྷན་སྐྱེས་སྙིང་ནད་ཕོག་ཚད་ཅུང་མཐོ་བའི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་ཅིང་། ཕྲུ་གུ་དམར་འབྱར་ལ་ལྷན་སྐྱེས་སྙིང་ནད་ཕོག་ཚད་8.98‰ཟིན་པ་དང་ལོ་ལྟར་ལྷན་སྐྱེས་སྙིང་ནད་ཕོག་པའི་ཕྲུ་གུ་ཁྲི་10ནས་15བར་སྐྱེ་ཡི་ཡོད། ས་བབ་མཐོ་བ་དང་གསོ་རླུང་དཀོན་པའི་ཁོར་ཡུག་ཏུ་ལྷན་སྐྱེས་སྙིང་ནད་བརྟག་དཔྱད་ཐུབ་ཚད་ས་བབ་དམའ་བའི་ས་ཁུལ་ལས་མཐོ་བ་ཡོད།

བརྟག་དཔྱད་བྱ་ཡུལ་དུ་ནན་ཅིང་གསོ་རིག་སློབ་ཆེན་སྐྱེ་འཕེལ་གསོ་རིག་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་གི་ཚན་ཞིབ་ཚོགས་པས་འདྲི་ཤོག་བརྟག་དཔྱད་དང་མ་དཔེ་འཚོལ་བསྡུ་བྱས་པ་དང་། མལ་གྲོ་གུང་དཀར་རྫོང་སློབ་ཆུང་གི་ལོ་རིམ་དང་པོ་ནས་དྲུག་པའི་བར་གྱི་སློབ་ལོ་ལོན་པའི་བྱིས་པར་ལྷན་སྐྱེས་སྙིང་ནད་ཕོག་ཚད་དང་སྨན་བཅོས་གནས་ཚུལ་ལ་བརྟག་དཔྱད་ཞིབ་ཕྲ་བྱས་པ་རེད། ད་ཐེངས་ཀྱི་བརྟག་དཔྱད་ནང་དོན་ནི་སྙིང་ནད་ཕོག་པའི་ཕྲུ་གུའི་ཕ་མའི་མངལ་འཁོར་རིང་གི་བདེ་ཐང་གནས་ཚུལ་དང་དེ་བཞིན་བཟའ་བཏུང་གི་གོམས་གཤིས། བཟའ་བཅའི་འཚོ་བཅུད། ལས་རིགས། ཁོར་ཡུག་སོགས་ཚུད་ཡོད། ས་བབ་མཐོ་བའི་ས་ཁུལ་གྱི་གསོ་རླུང་དཀོན་པའི་ཁོར་ཡུག་ཏུ་ལྷན་སྐྱེས་སྙིང་ནད་མང་པོ་ཐོན་པའི་རྒྱུ་མཚན་འཚོལ་ཞིབ་བྱས་ཏེ། རང་ལྗོངས་ཀྱི་སློབ་ལོ་ལོན་པའི་བྱིས་པའི་ལྷན་སྐྱེས་སྙིང་ནད་འགོག་བཅོས་ལ་ཐབས་ཇུས་འདོན་པར་རིགས་པའི་གཞུང་ལུགས་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་ནས་ས་གནས་དེ་གའི་ལྷན་སྐྱེས་སྙིང་ནད་ཕོག་ཚད་དམའ་རུ་གཏོང་གང་ཐུབ་བྱས་ཡོད།

འདི་ལོ་ནི་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་ལོ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོར་དམིགས་ནས། ལོ་0ནས་18བར་གྱི་བྱིས་པའི་ལྷན་སྐྱེས་སྙིང་ནད་ཀྱི་སྨན་བཅོས་དམངས་འཚོའི་བྱ་བ་དངོས་13ནང་དུ་བཅུག་ཡོད། “ནད་གཞི་ཐོན་རིམ་བཞིན་དུ་སྨན་བཅོས་བྱེད་པའི”རྩ་དོན་གཞིར་བཟུང་། བོད་སྐྱོར་ཞིང་ཆེན་ཁག་ལ་བརྟེན་ནས་ལྷན་སྐྱེས་སྙིང་ནད་ལ་རིན་མེད་གྲལ་བཤེར་དང་སྐྱོབ་བཅོས་ལས་དོན་སྤེལ་ནས་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་བྱིས་པའི་ལྷན་སྐྱེས་སྙིང་ནད་གྲལ་བཤེར་སྐྱོབ་བཅོས་ལས་དོན་སྤེལ་བ་རེད།

“ད་ཐེངས་ལྷ་ས་གྲོང་ཁྱེར་དུ་སྤེལ་བའི་བྱེད་སྒོ་འདི་ནི་ཅང་སུའུ་ཞིང་ཆེན་གྱིས་བོད་ལྗོངས་ལྷ་ས་གྲོང་ཁྱེར་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་མདུན་ཕྱོགས་བཀོད་འདོམས་པུས་མཐུན་སྦྱོར་བྱས་པ་དང་། ཅང་སུའུ་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་བཀོད་སྒྲིག་ཧུར་ཐག་བྱས་ནས་རང་འགུལ་ངང་འགན་འཁྲི་ཁུར་ཏེ། ད་ཐེངས་ཀྱི་མི་རེར་མཁོ་བའི་གཤགས་བཅོས་ཀྱི་འགྲོ་གྲོན་བཏང་ཡོད། ལོ་མང་རིང་ཅང་སུའུ་ཞིང་ཆེན་གྱིས་བོད་ཀྱི་གཞོན་ནུ་ལོ་ཆུང་གི་རྒྱུན་མཐོང་ནད་དང་མང་པོ་ཐོན་པའི་ནད་ལ་སྨན་བཅོས་ནུས་ལྡན་བྱས་ཤིང་། 2012ལོ་ནས་བཟུང་རིམ་རྩིས་བྱས་ན། ཞིང་འབྲོག་ཁུལ་གྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་82ལ་རིན་མེད་གཤགས་བཅོས་བྱས་ཡོད། ཅང་སུའུ་ཡི‘སྙིང་ནད་སྨན་བཅོས་འདུ་འགོད’2019ལོར་བོད་དང“ལས་འབྲེལ”བྱུང་ནས་དངོས་སྒྲུབ་ནུས་ལྡན་ངང་ཚན་རིག་ཁྱབ་གདལ་དང་། གྲལ་བཤེར། སྐྱོབ་བཅོས་བཅས་ཀྱི་ལས་དོན་རབ་དང་རིམ་པ་སྤེལ་ཏེ། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཏང་གི་ཐུགས་ཁུར་དང་ཁོ་ཚོའི་བདེ་ཐང་ལ་ཅང་སུའུ་ཡི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད”ཅེས་ཀའོ་ཕེང་གིས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ཅང་སུའུ་ཡི“སྙིང་ནད་སྨན་བཅོས་འདུ་འགོད”ཀྱིས་2014ལོ་ནས་བཟུང་། སྔ་རྗེས་སུ་ཤིན་ཅང་དང་། མཚོ་སྔོན། བོད་ལྗོངས། ཀུའེ་ཀྲོའུ། ཧྲའན་ཤིས། ཨན་ཧུའེ་སོགས་སུ་བསྐྱོད་དེ། ཁྱིམ་ཚང་དབུལ་པོའི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་ཁྲི་6ལྷག་ཙམ་ལ་སྨན་རིན་མི་དགོས་པར་སྐྱོབ་བཅོས་བྱས་པ་དང་། འོས་འགན་སྨན་བཅོས་དང་ཚན་རིག་ཁྱབ་གདལ་འཆད་ཁྲིད་ཐེངས་400ལྷག་ཙམ་བྱས་པ། རྫོང་དང་ཤང་གི་གཞི་རིམ་སྨན་དོན་མི་སྣ་ཁྲི་1ལྷག་ཙམ་ལ་རིན་མེད་གསོ་སྦྱོང་བྱས་པ། གཅེས་སེམས་མཚོན་པའི་མ་དངུལ་སྒོར་ཁྲི་800ལྷག་ཙམ་བསྡུ་རུབ་བཅས་བྱས་ཏེ། ལྷན་སྐྱེས་སྙིང་ནད་ཕོག་པའི་ཕྲུ་གུ་600ཙམ་ལ་སྨན་བཅོས་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།