ས་ཕུག3000ལྷག་ལས་དམག་སྡེ་བཅོ་བརྒྱད་པས་ཟོལ་མེད་ལེགས་སྐྱེས་ཕུལ་བའི་དཔང་པོ་བྱེད་ཐུབ།

e4b59f24-06fd-4a0c-9cfe-317f4d33a1c0.jpg

འདི་ནི་དམག་སྡེ་བཅོ་བརྒྱད་པའི་ས་ཕུག་གི་ད་ཡོད་རྣམ་པ་ཡིན་པ།

ཟླ་བདུན་པའི་སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་དུ་ཉི་འོད་དྲོ་ཞིང་འཇམ་པ་དང་དཀར་མཛེས་གྲོང་རྡལ་སྲིབ་ངོ་ཡུག་ཁུལ་གྱི་ས་ཕུག་དེ་དག་སྔོ་ལྗང་གོས་ཀྱིས་བཀླུབས་པའི་ལོ་ཏོག་གིས་མཐའ་ནས་བསྐོར་ཏེ་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས། དམག་སྡེ་བཅོ་བརྒྱད་པའི་རྗེས་རབས་པ་ཀྲང་སུའུ་ཧྭ་དང་ཀྲང་སུའུ་དབྱིང་གཅེན་གཅུང་སླར་ཡང་དེ་གར་བསྐྱོད་ནས་ཕ་ཀྲང་ཀྲེན་ཐའེ་དཀར་མཛེས་རྫོང་དུ་སྡོད་སྐབས་ཀྱི་གནས་ཚུལ་ལ་དྲན་གསོ་བྱས།

1950ལོ་དང་1951ལོར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་སྡེ་བཅོ་བརྒྱད་པས་ས་བབ་མཐོ་ཚད་སྨི་3500ལྷག་ཙམ་ཡོད་པའི་དཀར་མཛེས་རྫོང་གྲོང་དུ་ས་མཐོའི་གནམ་ཐང་ཞིག་བསྐྱར་སྐྲུན་དང་རྒྱས་སྐྲུན་བྱས་པ་དང་དམག་སྡེ་བཅོ་བརྒྱད་པའི་གཏམ་རྒྱུད་ཀྱང་དེ་ནས་བྱུང་།

ས་ཕུག་3000ལྷག་ཙམ་བསྐྲུན་ནས་འཐབ་འཛིང་པའི་ཞག་སྡོད་ཀྱི་གནད་དོན་ཐག་གཅོད་བྱས་པ།

འཐབ་འཛིང་པ་ཚོའི་ཞག་སྡོད་གནད་དོན་ཐག་གཅོད་བྱེད་པ་དང་དུས་མཚུངས་ཡུལ་དེའི་མི་སེར་ལ་སུན་པོ་མི་བཟོ་བའི་ཆེད། གོང་རིམ་ནས་དམག་འཐབ་ལ་ཞུགས་མཁན་དཔོན་དམག་ཚོས་གནམ་ཐང་རྒྱུད་ཀྱི་རི་ལྡེབས་གཞོགས་གཉིས་སུ་ས་ཕུག་འདྲུ་དགོས་པའི་གཏན་འབེབས་བྱས།

ཟླ་4པའི་དཀར་མཛེས་རྫོང་གི་ས་ཆ་ཁ་ཤས་སུ་ད་དུང་འཁྱགས་པ་བཞུར་མེད་པ་དང་ས་ཕུག་འདྲུ་མཁན་འཐབ་འཛིང་པ་ཚོས་སྔོན་ལ་མེ་ཕུང་སྤར་ཏེ་འཁྱགས་ས་བཞུར་རྗེས་གཞི་ནས་མུ་མཐུད་ས་ཕུག་འདྲུ་གི་ཡོད། ས་ཕུག་དྲུས་རྗེས་ཐོག་འགེབས་རྒྱུ་ཆ་མི་འདང་བའི་གནད་དོན་འཕྲད་པས་འཐབ་འཛིང་པ་ཚོས་རྐང་ཐང་མར་ལེ་དབར་བཅུ་ཕྲག་ཁ་ཤས་ཀྱི་རི་ཁྲོད་དུ་ཤིང་གཅོད་པར་འགྲོ་དགོས་པ་མ་ཟད། ཕྲག་སྟེང་དུ་དབོར་བ་དང་དེ་རྗེས་རིམ་པ་བཞིན་ཐོག་འགེབས་པ་དང་འདམ་བག་བྱུག་གི་ཡོད། དེ་ལྟར་ངལ་བ་དུ་མ་སྤྱད་མཐར་རི་ལྡེབས་སུ་ས་ཕུག་3000ལྷག་ཙམ་སྤེལ་སྣོལ་དུ་བསྐྲུན་པ་དང་ཐག་རིང་ནས་བལྟས་ཚེ་སྦྲང་ཚང་ལྟ་བུར་སྣང་།

ཀྲང་སུའུ་ཧྭ་ཡིས“དེ་དག་བསྐྲུན་རྗེས་དམག་སྡེ་བཅོ་བརྒྱད་པར་རླུང་གཡོལ་ཆར་གཡོལ་བྱ་ཡུལ་ཞིག”བྱུང་ལ། “པཱ་ལགས་དང་ཁོང་གི་འཐབ་གྲོགས་ཚོས་ས་ཕུག་དེ་དག་ལ་ཁམས་བོད་ཐོག་ཁང”ཞེས་འབོད་ཀྱི་ཡོད་ཅེས་བཤད།

ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་དཀའ་ཚེགས་ཆེ་བའི་ལོ་ཟླར་སྤྲོ་སྣང་ཆེན་པོས་འཚོ་བ་བསྐྱལ།

“ཁམས་བོད་ཐོག་ཁང”གི་མིང་དེ་བརྗིད་ཉམས་ལྡན་པ་ཞིག་ཡོད་མོད། འོན་ཀྱང་ས་ཕུག་དེ་དག་གི་ཐོག་དཔངས་སྨི་གཅིག་ཙམ་ལས་མེད་པ་དང“སྟབས་བདེའི་ས་དོང”དང“ས་འོག་ཁང་པ”ཞེས་བརྗོད་ཀྱང་ཆོག འཐབ་འཛིང་པ་ཚོ་ས་ཕུག་ཏུ་ངལ་གསོ་སྐབས་གཟབ་ནན་ངང་སྒུར་སྒུར་བྱས་ནས་འཛུལ་དགོས་ཀྱི་ཡོད། སྟབས་བདེའི་སྡོད་གནས་ཁོར་ཡུག་དེ་ལེགས་བཅོས་བྱ་ཆེད་འཐབ་འཛིང་པ་ཚོས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས“མཛེས་བཟོ”བྱས་པ་དཔེར་ན། ས་ཕུག་སྒོ་འགྲམ་གྱི་གཞོགས་གཉིས་སུ་སྒེའུ་ཁུང་གཉིས་བཟོས་ནས་རླུང་འགྲོ་ཡག་པོ་ཐུབ་པའི་ཁར་ཁང་པའི་ནང་དཀར་ཆ་དོད་དུ་བཏང་བ་དང་། ས་ཕུག་ཏུ་འཛུལ་སའི་རྒྱབ་ངོས་སུ་བར་ཁྱམས་རེ་བཟོས་པ་དང་གཞོགས་གཉིས་ཀྱི་གྱང་ངོས་སུ་ཀོང་ཀོང་ཁ་ཤས་དྲུས་ཏེ་ཅ་དངོས་ཙག་ཙིག་འཇོག་པ། རྡོ་ཞོ་བསྔོགས་ཏེ་གྱང་ལྡེབས་སུ་བྱུག་པ་དང་རྫོང་གྲོང་བྱང་ངོས་ཀྱི་ཆུ་འགྲམ་ནས་གྲམ་ཧྲུག་བསྒྲུགས་ཏེ་པར་རིས་དང་སྦྱར་ཡིག་སྣ་ཚོགས་བཟོས་པ་དཔེར་ན། “བོད་ལ་བཅིངས་འགྲོལ་གཏོང་། རྒྱལ་ཁབ་ཀྱི་མཐའ་མཚམས་སྲུང་སྐྱོང་བྱེད” “གནམ་ཐང་བསྐྲུན། མདུན་ཕྱོགས་ལ་རྒྱབ་སྐྱོར་བྱེད”ཅེས་པ་ལ་སོགས་འཁོད་ཡོད།

སྐབས་དེ་དུས་འབུད་ཤིང་ཧ་ཅང་ཁ་ཐང་བས་ཉིན་གང་ལྗིད་རྫོབ་ཆེ་བའི་ཤུགས་ལས་བྱས་རྗེས་འཐབ་འཛིང་པ་མང་པོས་དགོང་མོ་ཆུ་ཚ་པོར་རྐང་པ་སྦངས་ཏེ་ལྷོད་ལྷོད་བྱེད་སྙམ་ནའང་རྐང་པ་འཁྲུ་སའི་དུང་བན་མེད་ལ་ཆུ་ཚ་པོ་དཀོན་པོ་ཡོད་སྟབས། ཇི་ལྟར་བྱེད་དགོས་སམ། བུད་མེད་དམག་མི་ཚོས་བསམ་བློ་ཞིག་འཁོར་ནས་ས་ཕུག་གི་ཉེ་འགྲམ་དུ་ཀོང་དོང་ཞིག་འདྲུས་ཏེ་ཆུ་འཚོག་ཐུབ་པའི་གུར་གྱི་རས་བཏིང་ནས་ཆུ་ཚ་པོ་བླུགས་ཏེ་ཚང་མ་མཉམ་དུ་འཁྲུ་གི་ཡོད།

འགག་སྒྲོལ་དཀའ་སེལ་གྱིས་དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པ་ཚོས་དཀའ་ཚེགས་ཆེ་བའི་ལོ་ཟླར་སྤྲོ་སྣང་ཆེན་པོས་འཚོ་བ་བསྐྱལ་བ་དང་དུས་ཐོག་ཏུ་གནམ་ཐང་སྐྲུན་པའི་ལས་འགན་ལེགས་སྒྲུབ་བྱ་ཆེད་དཀའ་ངལ་རེ་རེ་བཞིན་ཁྱད་དུ་བསད།

ས་ཕུག་བརྡིབས་ནས་ན་གཞོན་བུད་མེད་དམག་མིའི་ཚེ་སྲོག་དཀར་མཛེས་སུ་ཤོར།

ས་ཕུག་གནས་ཡུལ་རི་སྟེང་དུ་དམག་སྡེ་བཅོ་བརྒྱད་པའི་བུད་མེད་སྔོན་གཤེགས་དཔའ་བོའི་བང་སོ་9ཡོད་ཅིང་། ཁོང་ཚོས་རྨད་དུ་བྱུང་བའི་ལང་ཚོ་དཀར་མཛེས་རྫོང་དུ་སྐྱེས་སུ་ཕུལ་བ་ལས་བུད་མེད་དམག་མི་6ནི་ས་ཕུག་བརྡིབས་ནས་གྲོངས་པ་རེད།

1951ལོའི་ཟླ་6པའི་མཚན་མོ་ཞིག་ལ་དཀར་མཛེས་གནམ་ཐང་གི་ཨར་སྐྲུན་ལེན་ཤོག་གི་བུད་མེད་པན་གྱི་འཐབ་འཛིང་པ་བཅུ་ཡིས་ཉིན་གང་བྲེལ་བརྩོན་ཆེ་བའི་ངལ་རྩོལ་བྱས་རྗེས་ངལ་དུབ་ཆེན་པོས་སྟབས་བདེའི་ས་ཕུག་ཏུ་གཉིད་དུ་ཡུར། ཟླ་དྲུག་པའི་དཀར་མཛེས་རྫོང་དུ་མཚན་མོ་ཆར་ཞོད་ཆེ་བ་དང་འདམ་བག་གི་ས་ཕུག་དེས་ཆར་ཆུ་ག་ལ་འཚོག་ཐུབ། “མཚན་མོ་དེར་ཆར་པ་ཆེན་པོ་བབས་སོང་། གློ་བུར་དུ་ས་ཕུག་བརྡིབས་ཏེ་ངའི་ལུས་སྟེང་དུ་སས་ཁེངས་སོང་། ངས་ཤུགས་ཡོད་ཚད་བཏོན་ཏེ་ལངས་རྩིས་བྱས་ཀྱང་འདམ་བག་ལྗིད་དྲགས་རྐྱེན་འགུལ་ཙམ་ཡང་བྱེད་ཐུབ་མ་བྱུང”ཞེས་སྐབས་དེ་དུས་སྟེས་དབང་གིས་གསོན་ཐུབ་པའི་བུད་མེད་འཐབ་འཛིང་པས་དྲན་གསོ་བྱེད་བཞིན་བཤད།

སྐབས་དེ་དུས་མུན་པ་ནག་ལ་ཆར་པ་བབས་པ་དང་སྣུམ་བཞུ་སྤར་ཐབས་མེད་པས་འཐབ་འཛིང་པ་ཚོས་མུན་པའི་ཁྲོད་ལག་པས་འདམ་བག་སྔོག་པ་དང་རོགས་སྐྱོར་ཆ་རྐྱེན་ཞན་པའི་དབང་གིས་བུད་མེད་དམག་མི་དྲུག་ས་འོག་ནས་འདོན་སྐབས་དབུགས་ཆད་ཟིན་ནས་འཇིག་རྟེན་འདི་ལས་ནམ་ཡང་ཁ་བྲལ་ཞིང་། སྐབས་དེ་དུས་ཁོང་ཚོའི་ཆ་སྙོམས་ལོ་ཚད་ལོ་20ཙམ་ཡིན་པ་རེད།

བུད་མེད་སྔོན་གཤེགས་དཔའ་བོ་གཞན་གསུམ་རྒྱུ་རྐྱེན་གཞན་གྱིས་རྐྱེན་པས་སྐུ་གཤེགས་པ་དང་ཁོང་ཚོ་དཀར་མཛེས་རྫོང་གི་ས་གཞི་ཆེ་མོའི་སྟེང་ནམ་ཡང་གནས། ད་ཆ་བུད་མེད་སྔོན་གཤེགས་དཔའ་བོ་དགུ་པོ་དེ་དག་གི་བང་སོ་དཀར་མཛེས་རྫོང་གི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་དབོར་བ་དང་དྭངས་གསལ་དུས་ཚིགས་འཆར་རིམ་བཞིན་དཀར་མཛེས་རྫོང་གི་ལས་བྱེད་པ་དང་མང་ཚོགས་ཚང་མས་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་ཁོང་ཚོར་དྲན་གསོ་ཞུ་གི་ཡོད།

བོད་རྒྱ་དམག་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ། མི་རིགས་མཐུན་སྒྲིལ་ཇི་སྲིད་བར་དུ་གནས།

དཀར་མཛེས་རྫོང་དུ་དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པ་དང་ཡུལ་དེའི་ཞིང་འབྲོག་མང་ཚོགས་དབར་གྱི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་དུ་མ་ཁྱབ།

འབྲུ་རིགས་མཁོ་སྤྲོད་ཐག་གཅོད་བྱ་ཆེད། བཙུགས་མ་ཐག་པའི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཁའ་དམག་གིས་རྙིང་ལ་ནུས་པ་ཞན་པ་དང་། ས་མཐོའི་འཕུར་སྐྱོད་ཉམས་མྱོང་ཞན་པ་སོགས་འགལ་རྐྱེན་མང་པོར་མི་བལྟོས་པར་དགྲ་ལག་ནས་ཐོབ་པའི་ཨ་རིས་བཟོས་པའི་C-46སྐྱེལ་འདྲེན་གནམ་གྲུ་བཏང་ནས་མཁའ་ཐོག་ནས་དངོས་རྫས་དབྱུགས་པ་རེད།

ཉིན་མང་པོ་ཚོད་ལྟ་བསྟུད་མར་བྱས་རྗེས་1950ལོའི་ཟླ་5ཚེས་7ནས་17ཉིན་བར་གནམ་གྲུ་ཐེངས་དྲུག་གིས་སྔ་རྗེས་སུ་མཁའ་ཐོག་ནས་དངོས་རྫས་དབྱུགས་པ་དང་དེའི་རིང་དངོས་རྫས་མང་པོ་ཞིག་མཁའ་ཐོག་ནས་དབྱུགས་སའི་མཚོན་རྟགས་ཕྱི་རོལ་དུ་ལྷུངས་པས་དངོས་རྫས་ཁ་ཤས་ཡུལ་དེའི་བོད་རིགས་སྤུན་ཟླས་བསྒྲུགས་རྗེས་ཁོང་ཚོས་དངོས་རྫས་དེ་དག་འབྲི་གཡག་ལ་བསྐལ་ནས་དཔུང་སྡེ་བཅའ་སྡོད་བྱ་ཡུལ་དུ་རྩིས་སྤྲད་པ་རེད། སྐབས་དེ་དུས་དཔུང་སྡེས་ཐུགས་རྗེ་ཆེ་ཞུ་ཆེད་བོད་རིགས་སྤུན་ཟླར་གླ་ཆ་ཕྲན་བུ་སྤྲོད་རྩིས་བྱས་ཀྱང་གཞུང་དྲང་ཞིང་བབ་ཆགས་པའི་མང་ཚོགས་ཚོས་ཅིས་ནས་ཀྱང་ལེན་གྱི་མེད། མཐར་བོད་རིགས་སྤུན་ཟླས་དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པས་ཕུལ་བའི་བརྩེ་སེམས་ཀྱིས་ཕྱུག་པའི་ཁ་བཏགས་གཅིག་བླངས་པ་རེད།

སྐབས་དེ་དུས་འདྲུད་འཐེན་འཕྲུལ་འཁོར་གྱི་ཁ་ལོ་བ་ཀྲང་ཀྲེན་ཐའེ་གཟུགས་གཞིས་རྐྱེན་པས་དཀར་མཛེས་རྫོང་དུ་ལས་སྒྱུར་བྱས་རྗེས་ཡུལ་དེའི་བོད་རིགས་བུ་མོ་ཞིག་དང་གཉེན་བསྒྲིཌ་ཏེ་དཀར་མཛེས་སུ་གཞིས་ཆགས། ད་ཆ་ཁོང་གི་བུ་མོ་ཀྲང་སུའུ་ཧྭ་དང་ཀྲང་སུའུ་དབྱིང་གིས་ལུས་ལ་བོད་ཆས་སྤྲས་ཏེ་ལག་ཏུ་ཕའི་དམག་འཐབ་ཀྱི་བྱས་རྗེས་རྟགས་མ་འཁྱེར་ནས་ས་ཕུག་མདུན་གྱི་སྤང་སྟེང་དུ《ལོ་ལེགས་ཀྱི་གླུ་གཞས》ཞེས་པ་བླངས། ཁོང་གཉིས་པོའི་གླུ་སྒྲ་ལས་དམག་སྡེ་བཙོ་བརྒྱད་པས་དཀར་མཛེས་ཀྱི་ས་གཞི་ཆེ་མོར་ཚ་ཚ་འུར་འུར་ངང་ངལ་རྩོལ་བྱེད་པའི་རྣམ་པ་མི་ཚོའི་འདྲེན་བྱེད་ཡུལ་དུ་སླར་ཡང་མངོན་པ་དང་དེ་ལས་ཀྱང་དྲན་སེམས་ཟབ་མོ་མཚོན་ལ། དཀར་མཛེས་བས་མཛེས་སྡུག་ལྡན་པའི་འཚོ་བར་རེ་འདོད་དང་རེ་སྒུག་བྱེད་པའང་མངོན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།