རྒྱལ་ཁབ་མཚོ་བོད་མཐོ་སྒང་གི་ཚན་རིག་གཞི་གྲངས་ལྟེ་གནས་བོད་ལྗོངས་ཡན་ལག་ལྟེ་གནས་གཉེར་སྐྱོང་བྱེད་མགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་ཤེས་གསལ་ལྟར་ན། བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་ཀྲུང་གོ་ཚན་རིག་ཁང་མཚོ་བོད་མཐོ་སྒང་ཞིབ་འཇུག་སུའོ་དང་བོད་ལྗོངས་ཉིང་སོན་ཚན་རྩལ་སྡེ་ཚོགས་ཚད་ཡོད་ཀུང་སི་དང་མཉམ་འབྲེལ་བྱས་ཏེ། མཉམ་ལས་མཉམ་སྐྲུན་བྱས་པའི་རྒྱལ་ཁབ་མཚོ་བོད་མཐོ་སྒང་གི་ཚན་རིག་གཞི་གྲངས་ལྟེ་གནས་བོད་ལྗོངས་ཡན་ལག་ལྟེ་གནས་ལྷ་སར་སྒོ་བྱང་བཀལ་བ་རེད། སྒོ་བྱང་འགེལ་བའི་མཛད་སྒོར་བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་ཐིང་ཀྲང་འཕྲིན་ལས་དབང་རྒྱལ་གྱིས་མགོ་འཛིན་གནང་།

རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཁབ་མཚོ་བོད་མཐོ་སྒང་གི་ཚན་རིག་གཞི་གྲངས་ལྟེ་གནས་ནི་རང་རྒྱལ་གྱི་སྐོར་དང་པོའི་རྒྱལ་ཁབ་ཚན་རིག་གཞི་གྲངས་ལྟེ་གནས20ཡི་གྲས་ཤིག་ཡིན་པ་དང་། མཐོ་སྒང་གི་ཚན་རིག་གཞི་གྲངས་འཚོལ་བསྡུ་དང་། མཉམ་སྐྱེལ། གསོག་ཉར། དོ་དམ། གཅིག་སྡུད། སྔོག་འདོན། མཉམ་སྤྱོད་ཞབས་ཞུ། རྒྱལ་སྤྱིའི་མཉམ་ལས་བཅས་ཀྱི་འགན་འཁུར་བཞིན་ཡོད་ཅིང་། དེ་ནི་རང་རྒྱལ་གྱིས་མཚོ་བོད་མཐོ་སྒང་དང་དེའི་མཐའ་འཁོར་ས་ཁུལ་གྱི་ཚན་རིག་གཞི་གྲངས་ལ་དམིགས་པའི་སྣ་ཁ་ཕུན་སུམ་ཚོགས་ཤོས་དང་དབང་གྲགས་ཆེ་ཤོས་ཀྱི་གཞི་གྲངས་ལྟེ་གནས་ཤིག་རེད།

འཕྲིན་ལས་དབང་རྒྱལ་གྱིས་བོད་ལྗོངས་ཡན་ལག་ལྟེ་གནས་ཀྱི་སྒོ་བྱང་བཀལ་བ་དེས་མཚོ་བོད་མཐོ་སྒང་གི་ཚན་རིག་གཞི་གྲངས་དོ་དམ་དང་། གཞི་གྲངས་ཆེན་མོའི་ལག་རྩལ། ལད་ཟློས་རྩིས་རྒྱག་སོགས་ཁྱབ་ཁོངས་ལ་དམིགས་ནས་ཞིབ་འཇུག་བྱེད་པ་དང་། མཚོ་བོད་མཐོ་སྒང་གི་ཚན་རིག་གཞི་གྲངས་བཀོལ་སྤྱོད་ཀྱི་རིན་ཐང་སྔོག་འདོན་གཏིང་ཟབ་བྱས་ཏེ། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་སོགས་ཀྱི་འཐབ་ཇུས་ལས་འགན་གལ་ཆེན་ལ་ཞབས་འདེགས་ཞུས་ནས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏོད་པ། རང་བྱུང་གནོད་འཚེ་སྔོན་འགོག་ཚོད་འཛིན་སོགས་ལ་ཐབས་ཇུས་ཀྱི་གྲོས་འགོ་བཏོན་ནས། བོད་ལྗོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱ་རྒྱུ་ཡིན་ཞེས་བཤད། མིག་སྔར། བོད་ལྗོངས་ཡན་ལག་ལྟེ་གནས་ཀྱིས་རྒྱལ་ཁབ་ལྟེ་གནས་ནས་དུས་མཉམ་དུ་གཞི་གྲངས་ཚོམས2771དང30TBགཞི་གྲངས་གཅིག་སྡུད་བྱས་ཡོད་ལ། འཛུགས་སྐྲུན་ལས་དོན་ལ་དུས་མཚམས་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།