ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། 2021ལོའི་དཔེ་ཀློག་གི་ཁྲེང་ཀོན—“ངའི་དཔེ་ཁང་། ངའི་ཕུགས་འདུན”ཞེས་པའི་གཞོན་ནུ་ལོ་ཆུང་གི་ཏང་གི་ལོ་རྒྱུས་གཏམ་རྒྱུད་འགྲན་བསྡུར་ཆེ་མོའི་མཐའ་བསྡུར་དེ་ཁྲེང་ཀོན་ཆུས་རྔ་ཆེན་སློབ་ཆུང་དུ་བྱས་པ་རེད།
དུས་འགོའི་ཐོག་མའི་འགྲན་བསྡུར་དང་བསྐྱར་མའི་འགྲན་བསྡུར་བརྒྱུད་ཁྲེང་ཀོན་ཆུས་ཀྱི་སློབ་གྲྭ་འབྲིང་ཆུང་9ནས་ཡོང་བའི་འགྲན་ཞུགས་རུ་ཁག་མཐའ་བསྡུར་ནང་ཞུགས་ཤིང་། ཁོང་ཚོས་དུས་རྒྱུན་སློབ་གྲྭའི་ནང་སྦྱངས་པ་དང་སློབ་གསེང་དུ་དཔེ་དེབ་བལྟས་ནས་ཤེས་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་དང་། མའོ་ཙེ་ཏུང་དང་ཀྲོའུ་ཨེན་ལའེ་སོགས་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་རྒན་གྲས་ཀྱི་ངོ་མཚར་གཏམ་རྒྱུད་གར་སྟེགས་ཐོག་བརྗོད་པ་རེད།
《རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང》དང་། 《ཀྲོའུ་ཙུང་ལིའི་རས་ལྷམ》 《ལེ་ཧྥུང་གི་སྙིང་སྟོབས་རྒྱུན་འཛིན》སོགས་ཀྱི་ཕུལ་བྱུང་བརྩམས་ཆོས་མང་པོ་ཞིག་བདམས་ཐོན་པ་ཚོས་འགྱུར་ཁུག་སྙན་ལ་བརྩེ་བ་ཟབ་མོའི་སྒོ་ནས་གྱེར་འདོན་བྱས་པས། དེ་གའི་གཞོན་ནུ་ལོ་ཆུང་སློབ་མར་སེམས་འགུལ་ཐེབས་ནས་ཚང་མར་གྱེར་འདོན་གྱི་ཡིད་དབང་འཕྲོག་ཤུགས་ཚོར་བའི་ངང་གསར་བརྗེའི་གཏམ་རྒྱུད་ཉན་རྒྱུ་བྱུང་བ་དང་ཆབས་ཅིག རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་གསར་བརྗེའི་སྙིང་སྟོབས་ཀྱི་ཞུན་བརྡར་ཐེངས་ཤིག་ཀྱང་ཐེབས་པ་རེད།
འགྲན་བསྡུར་བྱས་པ་བརྒྱུད་གཞོན་ནུ་ལོ་ཆུང་སློབ་མར་དཔེ་དེབ་ཀློག་རྒྱུར་དགའ་བ་དང་གྱེར་འདོན་བྱེད་མཁས་པའི་སློབ་སྦྱོང་གི་གོམས་གཤིས་བཟང་པོ་ཞིག་འཇགས་ལ། དཔེ་ཀློག་ཁྲོད་ནས་ཏང་གི་ལོ་བརྒྱའི་འོད་སྟོང་འབར་བའི་ལོ་རྒྱུས་ཤེས་རྟོགས་བྱུང་བ་དང་། ཏང་དང་རྒྱལ་ཁབ་ལ་དགའ་ཞེན་གྱི་བརྩེ་སེམས་འཕེལ་ནས་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་དང་དད་སེམས་བརྟན་དུ་ཕྱིན་ཡོད་པ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ཁྲེང་ཀོན་ཆུས་ཀྱིས་གཞོན་ནུ་ལོ་ཆུང་གི་ཏང་གི་ལོ་རྒྱུས་གཏམ་རྒྱུད་འགྲན་བསྡུར་ཆེ་མོའི་མཐའ་བསྡུར་བྱས་པ།