ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་སྤྱི་བདེ་ཅུས་སློབ་གྲྭ་འབྲིང་ཆུང་གི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ནི་རྫོང་ཡོངས་ཀྱི་སློབ་འབྲིང་དང་སློབ་ཆུང་དང་ཐག་ཉེ་ཤོས་ཀྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཤིག་ཡིན་པས། ཁོངས་གཏོགས་ཁུལ་གྱི་སློབ་གྲྭའི་བདེ་འཇགས་སྲུང་རྒྱུ་དེ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པའི(ལས་རོགས་ཉེན་རྟོག་པ)དོར་ཐབས་མེད་པའི་འགན་འཁྲི་ཞིག་ཏུ་གྱུར་ཡོད།
དུས་ཡུན་རིང་པོའི་ནང་རླངས་འཁོར་གང་བྱུང་དུ་བཞག་པ་ལས་ཐོན་པའི་སློབ་གྲྭའི་ཉེ་འགྲམ་གྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་དང་སྒྲིག་ལམ་གྱི་གནད་དོན་ནི་ཁྱིམ་བདག་དང་ཉེ་འཁོར་གྱི་གྲོང་མིའི་དཀའ་གནད་ཤིག་ཏུ་གྱུར་ཡོད།
སློབ་གྲྭའི་ཉེ་འགྲམ་དུ་རླངས་འཁོར་འཇོག་དཀའ་བའི་གནད་དོན་ཐག་གཅོད་ནུས་ལྡན་དང་། འགྲོ་ལམ་ཤར་བགྲོད་ཐུབ་པ། འགྲོ་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ། སློབ་མའི་འགྲོ་སྐྱོད་བདེ་འཇགས་འགན་ལེན། སློབ་མའི་ཁྱིམ་བདག་ལ་འཁོར་ལམ་གཤོང་བ་བཅས་བྱ་ཆེད། དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་དེས་མཐུན་སྦྱོར་ཧུར་ཐག་བྱས་ནས་སློབ་མ་སྐྱེལ་བསུ་བྱེད་མཁན་རླངས་འཁོར་ལ་ཆེད་སྤྱོད་རླངས་འཁོར་འཇོག་ས་གཏན་འཁེལ་བྱས་པ་མ་ཟད། མི་དམངས་ཉེན་རྟོག་པའི་ལས་སྒྲུབ་ས་ཚིགས་བཙུགས་ཏེ་ཉིན་ལྟར་སློབ་གྲྭ་ཚོགས་པ་དང་གྲོལ་བའི་སྐབས་ཉེན་རྟོག་པ་བཏང་ནས་སློབ་གྲྭའི་ཉེ་འགྲམ་གྱི་རྒྱུན་གཏན་གྱི་འགྲིམ་འགྲུལ་སྒྲིག་ལམ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་དང་རླངས་འཁོར་འཇོག་རྒྱུར་ཁྲིད་སྟོན་བྱས་ཏེ་དགེ་སློབ་དང་དེ་བཞིན་འགྲོ་སྐྱོད་མི་སྣའི་བདེ་འཇགས་འགན་ལེན་བྱས་པ་རེད།
རྒྱུན་གཏན་གྱི་སྐོར་སྐྱོད་ཁྲོད་སློབ་མ་ཁག་གཅིག་ལ་སློབ་སྦྱོང་མཁོ་ཆས་འདང་ངེས་མེད་པ་མཐོང་སྐབས་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས(ལས་རོགས་ཉེན་རྟོག་པ)རང་འགུལ་ངང་དངུལ་བཏོན་ནས་སློབ་སྦྱོང་གི་མཁོ་ཆས་ཉོས་ཏེ་སློབ་མ་ཚོར་སྤྲོད་ཀྱི་ཡོད། སློབ་གྲྭར་སྐྱོད་ཐེངས་མང་བས་སློབ་མ་ཚོས་ཁོང་ཚོར“རྒན་ཉེན་རྟོག་པ་ལགས”ཞེས་མཛའ་བརྩེའི་ངང་འབོད་ཀྱི་ཡོད།
དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་པད་མ་བཀྲ་ཤིས་ཀྱིས“ང་ཚོ་དང་སློབ་གྲྭ་དང་སློབ་མའི་དབར་གྱི་གཏམ་རྒྱུད་ཧ་ཅང་མང་པོ་ཡོད། འོན་ཀྱང་བག་ཆགས་ཟབ་ཤོས་ནི་འཐབ་གྲོགས་ཚོ་དང་མཉམ་དུ་གྲོགས་པོ་ཆུང་ཆུང་གཉིས་ཀྱི་སློབ་སྦྱོང་ལ་ཟུར་ཁྲིད་བྱས་པ་དེ་རེད”ཅེས་དྲན་གསོ་བྱེད་བཞིན་བཤད།
“གྲོགས་པོ་ཆུང་ཆུང་གཉིས”ཀྱི་སྐོར་ནི་2017ལོར་སློབ་གྲྭའི་ཉེ་འགྲམ་དུ་སྐོར་གཡེང་བྱེད་ཐེངས་ཤིག་ནས་ཤོད་དགོས་ཏེ། ཉིན་ཞིག་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་སློབ་གྲྭའི་ཉེ་འགྲམ་དུ་སྐོར་གཡེང་བྱེད་སྐབས། ཐལ་བས་ཁེངས་པའི་ཕྲུ་གུ་གཉིས་མཐོང་བ་དང་མི་དམངས་ཉེན་རྟོག་པས་སྙིང་རྗེ་ཆེན་པོས་ཁོ་གཉིས་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་ཁྲིད་དེ་གཙང་མ་བཟོ་རོགས་བྱས།
ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་སྐྱོད་པའི་ལམ་བར་དུ་ཕྲུ་གུ་ཆེ་བ་དེས་དེ་ཙམ་བདེ་པོ་མེད་པའི་རྒྱ་སྐད་ཐོག་ནས་མི་དམངས་ཉེན་རྟོག་པར“ཨ་ཁུ་ལགས། ང་ཚོར་ཡི་གེ་བསླབ་ན་འགྲིག་གམ”ཞེས་དྲིས། ཕྲུ་གུ་དེའི་སྐད་ཆ་ལས་་མི་དམངས་ཉེན་རྟོག་པར་སེམས་འགུལ་ཐེབས་ཏེ་འཕྲལ་མར་ཁས་བླངས།
ཕྱིས་སུ་ཤེས་རྟོགས་བྱས་པ་ལས་ཕྲུ་གུ་དེ་གཉིས་ཀྱི་ཁྱིམ་ཚང་དབུལ་ཕོངས་ཡིན་པ་དང་། ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་ཆེད་ཕ་མ་གཉིས་ཕྱིར་གླ་པར་བསྐྱོད་པ་དང་ཁོ་གཉིས་ལོ་ན་བགྲེས་པའི་རྨོ་བོ་ལགས་དང་མཉམ་དུ་རྫོང་གྲོང་དུ་བསྡད་ནས་སློབ་གྲྭར་སྐྱོད་ཀྱི་ཡོད། ཁོ་གཉིས་ཀྱི་སྡོད་གནས་སློབ་གྲྭ་དང་ཐག་རིང་བས་སློབ་གྲྭ་གྲོལ་རྗེས་ཁྲོམ་གཞུང་དུ་འཁྱམ་རྒྱུ་དེ་གོམས་གཤིས་སུ་གྱུར་ཡོད།
ཕྲུ་གུ་དེ་གཉིས་ཀྱི་འཚོ་བར་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས(ལས་རོགས་ཉེན་རྟོག་པ)སེམས་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཀོང་པོ་རྒྱ་མདའ་རྫོང་སྤྱི་བདེ་ཅུས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་རྗེས་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ(ལས་རོགས་ཉེན་རྟོག་པ)ཡོངས་ཀྱིས་རྒྱུན་གཏན་གྱི་ལས་དོན་ལ་ཤུགས་རྐྱེན་མི་ཐེབས་པའི་འོག་ཉིན་ལྟར་ལས་རེས་བྱེད་མཁན་མི་དམངས་ཉེན་རྟོག་པས(ལས་རོགས་ཉེན་རྟོག་པ)ཕྲུ་གུ་གཉིས་ལ་ཡི་གེ་བསླབ་རྒྱུའི་ཐག་བཅད་པ་རེད།
དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་བོད་རིགས་མི་དམངས་ཉེན་རྟོག་པས(ལས་རོགས་ཉེན་རྟོག་པ)བྱིས་པ་གཉིས་ལ་བོད་ཡིག་སློབ་ཚན་ཟུར་ཁྲིད་བྱེད་པ་དང་། རྒྱ་རིགས་མི་དམངས་ཉེན་རྟོག་པས(ལས་རོགས་ཉེན་རྟོག་པ)གཞི་རྩའི་རྒྱ་སྐད་ཀྱི་སྒྲ་སྦྱོར་ནས་འགོ་བརྩམས་ཏེ་ཁོ་གཉིས་ལ་རྒྱ་ཡིག་ཟུར་ཁྲིད་བྱེད་ཀྱི་ཡོད། ལོ་གསུམ་ལྷག་ཙམ་གྱི་དུས་ཚོད་ནང་ཕྲུ་གུ་དེ་གཉིས་ཀྱིས་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་རང་ཉིད་ཀྱི་ཁྱིམ་ཚང་གཉིས་པར་བརྩི་གི་ཡོད་ཅིང་། ཕྲུ་གུ་གཉིས་བྱུང་བའི་འཚར་ལོངས་དང་ཡར་རྒྱས་ལ་ཚང་མས་མིག་མཐོང་ལག་ཟིན་བྱུང་ཡོད།
དེས་མ་ཚད་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་ད་དུང་ས་ཚིགས་ཡོངས་ཀྱི་མི་དམངས་ཉེན་རྟོག་པ(ལས་རོགས་ཉེན་རྟོག་པ)སྐུལ་སློང་བྱས་ཏེ་ཕྲུ་གུ་གཉིས་ཀྱི་ཁྱིམ་ལ་དངུལ་དང་དངོས་པོ་ཞལ་འདེབས་རྒྱག་པ་དང་ངལ་གསོའི་དུས་ཚོད་སྤྱད་དེ་ཕྲུ་གུ་གཉིས་ཀྱི་རྨོ་བོ་ལགས་ཀྱི་ཁྱིམ་དུ་བསྐྱོད་དེ་ནུས་པས་ལྕོགས་ཚོད་ཀྱིས་ཁོ་ཚོར་གད་ཕྱིས་དང་བསྡུ་གསོ་རྒྱག་རོགས་སོགས་བྱེད་ཀྱི་ཡོད། མི་དམངས་ཉེན་རྟོག་པའི(ལས་རོགས་ཉེན་རྟོག་པ)བྱ་སྤྱོད་དེས་ཕྲུ་གུ་ཚོའི་ནང་མིར་སེམས་འགུལ་ཆེན་པོ་ཐེབས་པ་དང་གྲོང་ཚོ་གཅིག་པའི་གྲོང་མི་ཚོས་ཀྱང་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་དེར་བསྔགས་བརྗོད་ཡང་ཡང་བྱེད་ཀྱི་ཡོད།
རྒྱུན་དུ་མི་འགའ་ཞིག་གིས་ཡ་མཚན་ཆེན་པོས“ཁྱེད་ཚོས་མི་ཇི་ཙམ་ལ་རོགས་རམ་བྱེད་མྱོང་ངམ”“དངུལ་དང་དངོས་པོ་ཇི་ཙམ་ཞལ་འདེབས་རྒྱག་མྱོང་ངམ”ཞེས་པ་སོགས་འདྲི་གི་ཡོད། གནད་དོན་དེ་དག་ལ་མི་དམངས་ཉེན་རྟོག་པ(ལས་རོགས་ཉེན་རྟོག་པ)ཚོས་ལན་གསལ་པོ་ཞིག་རྒྱག་ཐུབ་ཀྱི་མེད།
ཁོང་ཚོའི་སེམས་ནང་དུ་གསལ་ཤོས་ནི་ཁོང་ཚོས་དུས་དང་རྣམ་པ་ཀུན་ཏུ་སེམས་ནང་བཞག་པ་ནི་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཡིན་པ་མ་ཟད་ནུས་ཤུགས་ཡོད་རྒུས་ལག་ལེན་བསྟར་བཞིན་ཡོད་པ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
དམངས་ལ་ཞབས་འདེགས་ཧུར་ཐག་ཞུས་པ།