འདི་ནི་ཝང་ཅུན་ཀྲེང་གིས་ཡིག་འབུལ་ཞུ་བཅར་དུ་ཡོང་མཁན་མང་ཚོགས་ལ་ས་གནས་ས་ཐོག་ཏུ་སྣེ་ལེན་ཞུ་བཞིན་པ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་12ཚེས་20ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཡིག་འབུལ་ཞུ་བཅར་ཅུས་སུ་བརྟག་ཞིབ་གནང་བ་དང་འབྲེལ། འགོ་ཁྲིད་ལས་བྱེད་པས་ཞུ་བཅར་དུ་ཡོང་མཁན་མང་ཚོགས་ལ་སྣེ་ལེན་དང་གཤམ་སྐྱོད་འཚམས་འདྲི་བྱེད་པའི་འགན་འཁྲིའི་ལམ་ལུགས་སྣེ་ཁྲིད་དེ་དོན་འཁྱོལ་གནང་ནས་ཞུ་བཅར་དུ་ཡོང་མཁན་མང་ཚོགས་ལ་ས་གནས་ས་ཐོག་ཏུ་སྣེ་ལེན་ཞུས་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། མི་དམངས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས། མི་དམངས་ལ་བཅངས་པའི་བརྩེ་སེམས་བརྟན་སྲུང་། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་དེ་ཡིག་འབུལ་ཞུ་བཅར་ལས་དོན་གྱི་རྩ་བའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ། ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།
རང་སྐྱོང་ལྗོངས་ཡིག་འབུལ་ཞུ་བཅར་ཅུས་ཀྱི་སྣེ་ལེན་ཁང་དུ་ཝང་ཅུན་ཀྲེང་གིས་ཡིག་འབུལ་ཞུ་བཅར་བྱེད་མཁན་མང་ཚོགས་ལ་སྣེ་ལེན་ཞུས་པ་རེད། མང་ཚོགས་ཀྱིས་གོང་ཞུ་བྱས་པའི་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ངང་རྒྱུད་རིང་པོས་གསན་པ་དང་། འབྱུང་ལུགས་འབྱུང་སྟངས་ཤེས་རྟོགས་ཞིབ་ཚགས་གནང་བ། འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བློ་མཐུན་དང་མཉམ་དུ་ཐག་གཅོད་བྱེད་ཐབས་ཞིབ་འཇུག་ནན་ཏན་བཅས་གནང་བ་རེད། ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཞིང་པ་ལས་མིའི་གླ་ཆ་ནི་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས། མང་ཚོགས་ཀྱི་ལངས་ཕྱོགས་སུ་ལངས་ནས་གནས་བརྗེས་བསམ་གཞིག་བྱེད་མཁས་པོ་བཅས་བྱས་ནས་རང་སར་མི་བཞག་དང་མི་སར་རང་སྡོད་ཀྱིས་མང་ཚོགས་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བྱེད་དགོས། ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་ནས་ལེགས་སྒྲིག་ནན་ཏན་དང་མགྱོགས་མྱུར་ཐག་གཅོད་བྱས་ཏེ། ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་ཡག་པོ་བྱེད་པ་དང་། ཁོང་ཚོར་དྲང་གཞག་དྲང་བདེན་དང་། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་བྱམས་སྐྱོང་ཚོར་བ་བྱས་ནས་དགའ་དགའ་སྤྲོ་སྤྲོའི་ངང་ཕ་ཡུལ་དུ་ལོག་ནས་ལོ་གསར་གཏོང་ཐུབ་པ་བྱེད་དགོས། གནད་དོན་ལ་ལན་བརྒྱབ་པ་དང་ཐག་གཅོད་ཐུབ་པས་ཞུ་བཅར་དུ་ཡོང་མཁན་མང་ཚོགས་ཚོ་བློ་ཡིད་ཚིམ་པོ་བྱུང་བ་རེད། ཝང་ཅུན་ཀྲེང་གིས་ཞིང་པ་ལས་མི་ནི་བོད་ལྗོངས་འཛུགས་སྐྲུན་གྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཁྱེད་དང་ཁྱེད་བརྒྱུད་རྒྱ་ཆེའི་ཞིང་པ་ལས་མི་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་འབྲེལ་འཚམས་འདྲི་ཡང་ཞུ་རྒྱུ་ཡིན། ཁྱེད་ཚོས་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ནང་ཧུར་ཐག་ཞུགས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་ཡིག་འབུལ་ཞུ་བཅར་དང་སྣེ་ལེན་གྱི་བརྒྱུད་རིམ་དང་། ཆ་འཕྲིན་ཅན་རིམ་སྤོར་སྒྱུར་བཀོད་རྣམ་གྲངས། ལྗོངས་ཡོངས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་གྱི་གནས་ཚུལ་བཅས་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་ཡིག་འབུལ་ཞུ་བཅར་ལས་དོན་ནི་སྒོ་རྩར་སྒྲུབ་པའི་མང་ཚོགས་ཀྱི་ལས་དོན་ཞིག་དང་། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་གོང་ཞུ་བྱེད་པའི“ཆར་བརྟག་རེའུ་མིག” ཏང་དང་སྲིད་གཞུང་གིས་མི་དམངས་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་འབྲེལ་ཟམ་ལྟ་བུ་བཅས་རེད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས“སྲུང་སྐྱོང་གཉིས”ཀྱི་ཆབ་སྲིད་ཀྱི་མཐོ་ཚད་ནས་དུས་བབ་གསར་པའི་ཡིག་འབུལ་ཞུ་བཅར་ལས་དོན་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་དང་། ཡིག་འབུལ་ཞུ་བཅར་ལས་དོན་ལ་ཚད་མཐོའི་མཐོང་ཆེན། ཡིག་འབུལ་ཞུ་བཅར་གྱི་ལས་དོན་སྒྲུབ་ཆེད་མཐོ་རུ་གཏོང་བ་བཅས་བྱས་ནས་རང་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་ཞེས་བསྟན་གནང་བ་རེད།
གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་འབྱུང་རྩ་ནས་འགོག་ཟོན་དང་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ཤིང་། སྔོན་འགོག་བྱ་རྒྱུ་མཐའ་འཁྱོངས་དང་རྩ་ལག་མཉམ་བཅོས་ལ་དོ་སྣང་བྱས་ཏེ། འབྱུང་རྩ་ནས་འགོག་ཟོན་དང་ཐག་གཅོད་བྱ་རྒྱུ་དེ་ཡིག་འབུལ་ཞུ་བཅར་ལས་དོན་གྱི་ཤུགས་རྒྱག་སར་བྱེད་པ་དང་། གཞི་རིམ་གྱི་ཏང་སྲིད་རྩ་འཛུགས་དང་ལྷག་པར་དུ་གྲོང་སྡོད་ལས་བྱེད་པ་དང་། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ། དྲ་མིག་ཅན་གྱི་དོ་དམ་ལས་བྱེད་པ། “གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མི་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། གྲོང་ཚོ་དང་། གྲོང་རྡལ། སྡེ་ཁུལ་བཅས་ཀྱི་མངོན་གསལ་དོད་པའི་འགལ་ཟླ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ཏེ་འགལ་ཟླ་དང་། ཉེན་ཁ། མངོན་མེད་རྐྱེན་ངན་བཅས་སྔ་ཙམ་སེལ་བ་དང་། སྔོན་ཚུད་ནས་འགོག་ཟོན། ཆུང་ས་ནས་ཐག་གཅོད་བཅས་བྱས་ཏེ་འགལ་ཟླ་དང་རྩོད་གཞི་གཞི་རིམ་དང་ཐོན་བཟོ་ཡོད་དུས་ནས་སེལ་གང་ཐུབ་བྱེད་དགོས།
འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་སྟེ་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་དགོས་ཤིང་། ཉེན་ཁར་ཞིབ་འཇུག་དང་བརྡར་ཆ་གཅོད་ནུས་ཆེ་རུ་བཏང་ནས། གཙོ་གནད་ཁྱབ་ཁོངས་ཀྱི་ཡིག་འབུལ་ཞུ་བཅར་གྱི་མངོན་གསལ་དོད་པའི་གནད་དོན་ལ་གཅིག་སྡུད་འགག་སྒྲོལ་དང་། བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཡོད་པར་བྱས་ཐོག་ཚད་གཞིའི་འགག་སྒོ་དང་། སྤུས་ཚད་ཀྱི་འགག་སྒོ། དུས་བཅད་ཀྱི་འགག་སྒོ་བཅས་ཡག་པོ་བསྲུངས་ནས་སྒྲུབ་གཉེར་བྱས་ཏེ། མང་ཚོགས་ཀྱིས་གོང་ཞུ་མང་བའི་མངོན་གསལ་དོད་པའི་གནད་དོན་རྒྱུན་སྲིང་ལྷོད་མེད་ངང་ཐག་གཅོད་ཡག་པོ་བྱེད་དགོས། ཟུར་བསྟན་ལེབ་མཐོང་རྒྱུན་འཁྱོངས་ཀྱིས་དཔེ་མཚོན་རང་བཞིན་གྱི་ཡིག་འབུལ་ཞུ་བཅར་གྱོད་གཞིར་ཞིབ་འཇུག་གཏིང་ཟབ་བྱས་ཏེ། ཡིག་འབུལ་ཞུ་བཅར་ལས་དོན་གྱི་ཆོས་ཉིད་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཡིག་འབུལ་ཞུ་བཅར་གྱི་གྱོད་གཞི་གཙོ་བོ་ཕྱོགས་ཡོངས་ནས་ཐག་གཅོད་མཐར་ཕྱིན་ཡོང་བར་སྐུལ་འདེད་གཏོང་དགོས། ཁྲིམས་ལྟར་ལུགས་མཐུན་ངང་ཉམས་ཞན་ཚོགས་སྤྱིར་སྲུང་སྐྱོང་གིས་དགོས་པའི་དུས་སུ་སྨིན་པའི་བྱ་བ་མང་ཙམ་སྒྲུབ་པ་དང་། སེམས་ཁྲལ་དང་དཀའ་ངལ་སེལ་བའི་བྱ་བ་མང་ཙམ་བསྒྲུབས་ནས། ཡིག་འབུལ་ཞུ་བཅར་གྱི་རེ་ཞུ་ཐག་གཅོད་ཡག་པོ་བྱེད་དགོས་ལ། སྤྱི་ཚོགས་ཀྱི་འགལ་ཟླ་ཡང་ཐག་གཅོད་ཡག་པོ་བྱས་ནས་སྤྱི་ཚོགས་ཞི་མཐུན་ཡོང་བར་སྐུལ་འདེད་ཀྱང་གཏོང་དགོས།
ལས་ཀའི་ལམ་སྲོལ་གསར་གཏོད་བྱས་ཏེ་མང་ཚོགས་ཀྱི་ལས་ཀ་བྱེད་སྟངས་ལ་འགྱུར་ལྡོག་གཏོང་དགོས་ཤིང་། འདུ་ཤེས་ཟབ་གཏོང་དང་། ལམ་སྲོལ་གསར་གཏོད། ལམ་ལུགས་འཐུས་ཚང་། ཚན་རྩལ་བེད་སྤྱོད་བཅས་ཟུང་འབྲེལ་གྱིས་སྔོན་ཐོན་གྱི་ཆ་འཕྲིན་ལག་རྩལ་གང་ལེགས་སྤྱད་དེ། ཡིག་འབུལ་ཞུ་བཅར་ལས་དོན་ཆེད་ལས་ཅན་དང་། ཁྲིམས་སྐྱོང་ཅན། ཆ་འཕྲིན་ཅན་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ཡིག་འབུལ་ཞུ་བཅར་ལས་དོན་སྤེལ་སྟངས་ལ་འགྱུར་ལྡོག་བཏང་སྟེ། ཡིག་འབུལ་ཞུ་བཅར་སྡེ་ཚན་གྱི་ཐབས་ལམ་གཙོ་བོ་དང་སྐར་ཁུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཡིག་འབུལ་ཞུ་བཅར་ལས་དོན་དེ་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་། དམངས་ཀྱི་བློ་གྲོས་གཅིག་སྡུད། དམངས་ཀྱི་ཁེ་ཕན་སྲུང་སྐྱོང་། མི་སེམས་གཅིག་སྒྲིལ་བཅས་ཀྱི་ལས་དོན་གལ་ཆེན་ཞིག་ཏུ་བརྩི་བ་དང་། ཆབ་སྲིད་དང་། མི་དམངས། ཁྲིམས་སྐྱོང་བཅས་ཀྱི་ཟུར་ཚད་སྟངས་འཛིན་ཡག་པོ་བྱས་ནས་མང་ཚོགས་ཀྱིས་གོང་ཞུ་བྱས་པའི་གནད་དོན་ཚང་མ་དོན་ཐོག་ཏུ་འཁྱོལ་བ་དང་ཚང་མར་ལན་ཡོད་པའི་འགན་ལེན་བྱེད་དགོས། “ལས་དོན་ཐག་གཅོད”ལ་སྐུལ་འདེད་གཏོང་བའི་ཐད་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་ཀྱིས་ཡིག་འབུལ་ཞུ་བཅར་གྱི་གྱོད་གཞི་ཐག་གཅོད་བྱེད་པའི་ལས་དོན་ནན་ཏན་ངང་བསྒྲུབས་ཏེ། མང་ཚོགས་ཀྱིས་བཏོན་པའི་ལུགས་མཐུན་རེ་ཞུ་དུས་ཐོག་ཏུ་སྒྲུབ་གཉེར་བྱས་ནས་ལན་རྒྱག་དགོས། གནས་སྐབས་སྒྲུབ་མི་ཐུབ་པའི་རིགས་ལ་ངང་རྒྱུད་རིང་པོས་མང་ཚོགས་ལ་དོགས་སེལ་དང་ཁྲིད་སྟོན་གྱི་ལས་དོན་ཞིབ་ཚགས་སྒྲུབ་དགོས།
ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས་ཤིང་། ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་དོན་འཁྱོལ་ནན་ཏན་བྱས་ནས། གཏོགས་ཁོངས་དང་། སྡེ་ཚན། འགོ་ཁྲིད་བཅས་ཀྱི་འགན་འཁྲི་སྔར་བས་ཞིབ་ཚགས་སུ་གཏོང་དགོས། ཡིག་འབུལ་ཞུ་བཅར་གྱི་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་ཐག་གཅོད་གཏིང་ཟབ་བྱས་ཏེ། “སྒུག་རྟེན་འགྱངས་འདེད”ཀྱི་བསམ་བློ་གཏན་འགོག་མཐའ་གཅིག་ཏུ་བྱེད་པ་དང་། སྟོབས་ཤུགས་གཅིག་སྒྲིལ་དང་སེམས་ནུས་གཅིག་སྒྲིལ་གྱིས་ཡིག་འབུལ་ཞུ་བཅར་ལས་དོན་གྱི་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་ཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ཡིག་འབུལ་ཞུ་བཅར་ལས་དོན་དཔུང་ཁག་ནུས་ཤུགས་ཡོད་རྒུས་བཏོད་དེ། ཡིག་འབུལ་ཞུ་བཅར་གྱི་འཐབ་ཕྱོགས་དང་པོར་ཕུལ་བྱུང་གི་ཡིག་འབུལ་ཞུ་བཅར་ལས་བྱེད་པ་སྦྱོང་བརྡར་དང་། གསོ་སྐྱོང་། གདམ་གསེས། བེད་སྤྱོད་བཅས་བྱས་ནས་བོད་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་སྒྱུར་བཅོས་དང་འཕེལ་རྒྱས་གཏོང་ཆེད་ཤེས་ལྡན་མི་སྣའི་འགན་ལེན་ཡག་པོ་བྱེད་དགོས། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ཝང་ཅུན་ཀྲེང་གིས་ལྗོངས་ཡིག་འབུལ་ཞུ་བཅར་ཅུས་སུ་བརྟག་ཞིབ་གནང་བ་དང་འབྲེལ་ཞུ་བཅར་དུ་ཡོང་མཁན་མང་ཚོགས་ལ་ས་གནས་ས་ཐོག་ཏུ་སྣེ་ལེན་གནང་།