ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ས་མཐོར་ཕུགས་འདུན་འགྲུབ་པར་བརྩོན། མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་ལས་གཏོད་མཐོ་རིམ་གླེང་སྟེགས་སྐབས་དང་པོ་ལྷ་སར་འཚོགས་པ་རེད།
ད་ཐེངས་ཀྱི་གླེང་སྟེགས་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་བོད་རང་སྐྱོང་ལྗོངས་ཀྱི་གསར་གཏོད་ལས་གཏོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་མཛུབ་ཁྲིད་དགོངས་དོན་རབ་དང་རིམ་པར་དམིགས་ནས། ལྗོངས་ཡོངས་ཀྱི་ལས་གཏོད་ཀྱི་ད་ལྟའི་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་དང་། ལས་གཏོད་ཀྱི་དཀའ་གནད་སེལ་བ། མདུན་སྐྱོད་ཀྱི་འདུ་ཤེས་བརྒྱུད་བསྒྲགས། འཕེལ་རྒྱས་ཀྱི་བསམ་ཕྱོགས་སྟངས་འཛིན་བཅས་བྱས་ཏེ་ལས་གཏོད་ཀྱི་སྙིང་སྟོབས་དང་ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བར་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་གླེང་སྟེགས་ཀྱི་དུས་ཡུན་ཉིན་གཉིས་ཡིན་པ་དང་། ལས་གཏོད་ཁྱབ་ཁོངས་ཀྱི་སློབ་དཔོན་གྲགས་ཅན་དང་། རིགས་གཅིག་མཁས་ཅན། ལས་གཏོད་པ། མཐོ་སློབ་སློབ་མའི་འཐུས་མི་སོགས་སྐུ་མགྲོན་བརྒྱ་ལྷག་ཙམ་གདན་དྲངས་ཏེ་གྲོས་རིམ་གཙོ་བོ་ཁག་ལྔ་བཀོད་སྒྲིག་བྱས་པ་སྟེ། ལས་གཏོད་ཁྱབ་ཁོངས་ཀྱི་འཐུས་མིའི་གཏམ་བཤད་དང་། སློབ་ཆེན་སློབ་མའི་རྩོད་གླེང་འགྲན་ཚོགས། གྲལ་སྒོར་གླེང་སྟེགས། ས་གནས་ས་ཐོག་ཏུ་མཉམ་འགུལ་ངང་དོགས་གནད་སེལ་བ། ལས་རིགས་གཅིག་པའི་སྤེལ་རེས་ཚོགས་འདུ་བཅས་ཡིན་པ་རེད།
ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“གཉིས་གཏོད”ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཏེ། མཐོ་སློབ་སློབ་ཐོན་སློབ་མ་སོགས་གཙོ་གནད་ཚོགས་སྤྱིའི་རང་རྟེན་ལས་གཏོད་ལ་སྐུལ་ལྕག་བྱེད་ཆེད། སྔར་བྱུང་མ་མྱོང་བའི་གཟིགས་སྐྱོང་ལ་བརྟེན་ནས་ཕན་པ་ཆེ་བའི་གཟིགས་སྐྱོང་རོགས་སྐྱོར་སྲིད་ཇུས་རབ་དང་རིམ་པ་བཏོན་པ་དང་། རང་རྟེན་ངང་ལས་གཏོད་བྱེད་མཁན་ལ་རྒྱབ་སྐྱོར་དང་རོགས་རམ་གང་ཐུབ་ཅི་ཐུབ་བྱས་ནས་རང་རྟེན་ལས་གཏོད་བྱེད་རིང་དཀའ་བ་དང་དུ་བླངས་ནས་མདུན་སྐྱོད་བྱེད་དགོས་པའི་ལྕག་སྐུལ་བྱས་པས་ལྗོངས་ཡོངས་སུ་གསར་གཏོད་ཐོན་ཁུངས་རྒྱུན་ཆད་མེད་པར་འདུ་བ་དང་། ལས་གཏོད་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ། ལས་སྟེགས་ཀྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ་བཅས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་ཡག་པོ་ཞིག་ཆགས་ཡོད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
བོད་ལྗོངས་ཀྱི་ལས་གཏོད་མཐོ་རིམ་གླེང་སྟེགས་སྐབས་དང་པོ་ལྷ་སར་འཚོགས་པ།