《རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་ཚིག་མཛོད(བོད་ཡིག་ཤན་སྦྱར)》དངོས་སུ་འགྲེམ་སྤེལ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  སྐད་ཡིག་དཔེ་སྐྲུན་ཁང་དང་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང(རྩོམ་སྒྱུར་ཅུའུ)གིས་ལོ་གཉིས་རིང་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད།《རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་གི་ཚིག་མཛོད(བོད་ཡིག་ཤན་སྦྱར)》ཚེས21ཉིན་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་དངོས་སུ་འགྲེམ་སྤེལ་བྱས་པ་རེད། ཚོགས་ཞུགས་མི་སྣས་བཤད་རྒྱུར། ཚིག་མཛོད་དེ་ནི་བོད་ལྗོངས་ཕྱི་ནང་གི་སྐད་ཡིག་ལས་དོན་པའི་མཉམ་སྡེབ་བློ་གྲོས་ཀྱི་ཉིང་བཅུད་ཡིན་པའི་ཆ་ནས། དེ་ནི་དམངས་སེམས་ཕན་ཚུན་སྦྲེལ་བའི་འབྲེལ་ཟམ་དང་རིག་གནས་མཉམ་འདྲེས་ཀྱི་འབྲེལ་ཐག་ལྟ་བུ་ཡིན་ཟེར།

སྐད་ཡིག་དཔེ་སྐྲུན་ཁང་གི་མགོ་གཙོ་ཀུའུ་ཞིན་ཁོང་གིས་འགྲེམས་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཚིག་མཛོད་དེ་ནི་བོད་ལྗོངས་མི་རིགས་སོ་སོའི་ལས་བྱེད་མང་ཚོགས་དང་ལྷག་པར་དུ་སློབ་གྲྭ་འབྲིང་ཆུང་གི་སློབ་མས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་པའི་དོན་དངོས་ཀྱི་དགོས་མཁོ་དང་བསྟུན་པ་མ་ཟད། བོད་ཡིག་བརྡ་སྤྲོད་ཀྱི་ཐོག་ནས་གསལ་བཤད་བྱས་པ་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་འགྲེལ་བཤད་ཡང་དག་བརྒྱབ་པའི་ཚིག་མཛོད་ཐོག་མ་ཡིན་ཞེས་བསྟན།

“དམངས་ཡོངས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་ཁོང་དུ་ཆུད་ཅིང་། བེད་སྤྱོད་བྱ་རྒྱུ་ནི་མི་རིགས་སོ་སོའི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་རྒྱུ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་རྨང་གཞི་གལ་ཆེན་ཡིན་ལ། ཚིག་མཛོད་དེས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བའི་ཐད་དགེ་མཚན་ལྡན་པའི་ནུས་བ་ཐོན་ནས་དམངས་སེམས་སྦྲེལ་བའི་སྦྲེལ་ཟམ་དང་རིག་གནས་མཉམ་འདྲེས་ཀྱི་འབྲེལ་ཐག་ཏུ་འགྱུར་རྒྱུ་རེད”ཅེས་ཀུའུ་ཞིན་ཁོང་གིས་དེ་ལྟར་བཤད།

གཞན་ཡང་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང་གི་ཀྲུའུ་རེན་ནམ་རྩོམ་སྒྱུར་ཅུའུ་ཡི་ཅུའུ་ཀྲང་ནོར་བུ་ཡིས། ཚིག་མཛོད་དེ་ནི་བོད་ལྗོངས་མི་རིགས་སོ་སོའི་མང་ཚོགས་དང་ལྷག་པར་དུ་སློབ་གྲྭ་འབྲིང་ཆུང་གི་སློབ་མས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱེད་པའི་དཔེ་ཆ་ཞིག་ཡིན་པས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བར་ཕན་འབྲས་ཆེན་པོ་ཐོབ་ཐུབ་ཅེས་བཤད།

འགྲེམས་སྤེལ་ཚོགས་འདུའི་སྟེང་སྐད་ཡིག་དཔེ་སྐྲུན་ཁང་གིས་སློབ་མའི་འཐུས་མི་ལ་ཚིག་མཛོད་ལེགས་སྐྱེས་སུ་ཕུལ་ཞིང་། ངོ་སྤྲོད་ལྟར་ན། ཚིག་མཛོད་དེའི་ནང《སྤྱི་སྤྱོད་རྒྱ་ཡིག་ཚད་ལྡན་གྱི་རེའུ་མིག》ནང་གི་རིམ་པ་དང་པོའི་ཡིག་འབྲུ3500དང《འོས་འགན་སློབ་གསོའི་རྒྱུན་སྤྱོད་ཐ་སྙད་རེའུ་མིག(འཆར་ཟིན)》ནང་གི་རྒྱུན་སྤྱོད་ཐ་སྙད11000ལྷག་བཀོད་ཡོད་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།