——བོད་ལྗོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱས་པའི་སྐོར་རགས་ཙམ་བཀོད་པ།
“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ལྗོངས་ཀྱིས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་26.6ལ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལག་ལེན་བསྟར་ཏེ། 2020ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་བཀོད་སྒྲིག་བྱ་ཡུལ་964ཚང་མ་ལས་མཇུག་འགྲིལ་ནས་རིམ་རྩིས་བྱས་ན་ཁྱོན་མ་དངུལ་སྒོར་དུང་ཕྱུར་198བཏང་ཡོད་པ་རེད།
མིག་སྔར་བོད་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་ཅིང་། གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱིས་ཐོན་ལས་དར་རྒྱས་དང་། ཤེས་ལྡན་མི་སྣ་དར་རྒྱས། རིག་གནས་དར་རྒྱས། སྐྱེ་ཁམས་དར་རྒྱས། རྩ་འཛུགས་དར་རྒྱས་བཅས་ཕྱོགས་ཡོངས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ། བོད་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུར་འགོ་ཡག་པོ་ཞིག་བཙུགས་པ་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད་པ་རེད།
མཐའ་ཚད་ཡག་པོ་བསྲུངས། གྲུབ་འབྲས་སྲ་བརྟན་བཏང་།
འདི་ལོ་ཚུན། རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དང་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་ཐོན་པའི་མཐའ་ཚད་བརྟན་པོ་སྲུང་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་བ་བཅས་བྱས་ནས། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ལས་ཀའི་གཙོ་གནད་དེ་གནས་སྤོས་མང་ཚོགས་ཀྱི་རྗེས་མཐུད་རོགས་སྐྱོར་དུ་བསྒྱུར་བ་བྱས་ཏེ་གྲོང་གསེབ་དར་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རོགས་བྱས་ཡོད།
གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་ཐོན་པའི་མཐའ་ཚད་བརྟན་པོ་སྲུང་ཆེད། ལྗོངས་ཡོངས་ཀྱི་རིམ་ཁག་གྲོང་གསེབ་དར་རྒྱས་སྡེ་ཚན་གྱིས་དབུལ་སྒྲོལ་བརྟན་པོ་མེད་པའི་དུད་ཚང་དང་། མཐར་ལུས་དབུལ་པོར་གྱུར་སླ་བའི་དུད་ཚང་། ཐོལ་བྱུང་གི་དཀའ་ངལ་ཚབས་ཆེན་ཡོད་པའི་དུད་ཚང་བཅས“མི་སྣ་རིགས་གསུམ”ལ་དམིགས་ནས། གནད་སྨིན་དབྱེ་འབྱེད་དང་། ནུས་ལྡན་རོགས་སྐྱོར། ཉེན་ཁ་སེལ་བ་བཅས་ཀྱི“འགག་རྩ་གསུམ”ལ་སྟངས་འཛིན་ཡང་དག་བྱས་ཏེ། ཉེན་ཁའི་ཉེན་ཟོན་སྔོན་བརྡ་དང་། དབྱེ་ཞིབ་བརྡར་གཅོད། མཐུན་སྦྱོར་ཐག་གཅོད་བཅས་ཀྱི“ལམ་སྲོལ་གསུམ”འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། གནད་སྨིན་རོགས་སྐྱོར་དང་འགུལ་རྣམ་གསལ་བཟོ་ཡོང་བ་བྱས་ཡོད། ཟླ་11ཚེས་30ཉིན་བར་རིམ་རྩིས་བྱས་ན་ལྟ་ཞིབ་ཚད་ལེན་བྱ་ཡུལ་དུད་ཚང་6509ཡི་མི་གྲངས་27106དབྱེ་འབྱེད་བྱས་པ་དང་། དུད་ཚང་4466གི་མི་གྲངས་18596གི་ཉེན་ཁ་བསལ་བ། ད་ཆ་ལྟ་ཞིབ་ཚད་ལེན་བྱ་ཡུལ་དུད་ཚང་2043གྱི་མི་གྲངས་8510ཡོད་པ་རེད།
ཐོན་ལས་འབབ་འཕར་བྱུང་། དར་རྒྱས་རྨང་གཞི་བརྟན།
གྲོང་གསེབ་ཐོན་ལས་སྐོར་གླེང་སྐབས། བོད་ལྗོངས་ཀྱི་མང་ཚོགས་ཀྱིས་རྒྱུས་མངའ་ཡོད་པའི་མེ་ཏོག་གི་ཇ་ལོ་དང་། ལྷུན་རྩེའི་ནས་ནག རྒྱ་ཚའི་ཉག་ཆུའི་འབྲི་གཡག ཇོ་མོ་གླང་མའི་འདབས་ཀྱི་གམ་པའི་ལུག་སོགས་ཚང་མ་བོད་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ཐོན་ལས་ཁྲོད་ཀྱི་གྲགས་ཅན་གྱི་ཁྱད་ལྡན་ཐོན་རྫས་ཤིག་ཡིན། ད་ཆ་དབུལ་སྒྲོལ་འགག་སྒྲོལ་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་རིང་། ཐོན་ལས་ཀྱི“ཐབས་ལམ”སྒྱུར་བཀོད་ལེགས་གཏོང་བྱ་རྒྱུ་དེ་མིག་སྔའི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་གྱུར་ཡོད།
རྒྱ་ཚ་རྫོང་རྒྱ་ཚ་གྲོང་རྡལ་གྱི་ལོ་27ལ་སླེབས་པའི་བསོད་ནམས་རྒྱལ་མཚན་2017ལོར་སློབ་ཆེན་ཐོན་རྗེས་ཕ་ཡུལ་དུ་ལོག་ནས་ཆུང་དུས་ཀྱི་གྲོགས་པོ་བསྟན་འཛིན་རྡོ་རྗེ་དང་ངག་དབང་རྒྱ་མཚོ་དང་མཉམ་དུ་བརླན་སྟོད་གསོ་ཚགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ཤིང་། ཁོང་ཚོས་ཕ་ཡུལ་གྱི་ཕུན་སུམ་ཚོགས་པའི་མཛོའི་ཐོན་ཁུངས་ཀྱི་ལེགས་ཆ་སྤྱད་པ་དང་སྲིད་གཞུང་གི་རོགས་རམ་འོག་ཡར་ཀླུང་གི་རྟོལ་མ་འཕེལ་རྒྱས་བཏང་ཡོད། མིག་སྔར་ཁོང་ཚོའི་མཉམ་ལས་ཁང་དུ་མཛོ་མགོ་གྲངས་83དང་ཡར་ཀླུང་གི་རྟོལ་མ་མགོ་གྲངས་25ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་རྒྱ་ཚའི་ཡར་ཀླུང་གི་རྟོལ་མ་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི་317.4116བཏང་བའི་ཁྲོད། རྣམ་གྲངས་ནང་ཞུགས་མཁན་དུད་ཚང་དང་། མཉམ་ལས་ཁང་གི་རྣམ་གྲངས་4ཡི་ཁ་གསབ་དངུལ་སྒོར་ཁྲི་148དང་། རྒྱུད་སྤེལ་མི་སྣའི་རྣམ་གྲངས་2ཀྱི་ཁ་གསབ་དངུལ་སྒོར་ཁྲི་31 རྒྱུད་སྤེལ་ས་ཚིགས་བསྐྱར་སྐྲུན་རྒྱས་སྐྲུན་གྱི་སྒོར་ཁྲི་59སོགས་ཚུད་ཡོད་པ་རེད།
ཐོན་ལས་དར་རྒྱས་ནི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བའི་མཚོན་རྟགས་གལ་ཆེན་ཞིག་རེད། བོད་ལྗོངས་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་ཡུལ་བབ་དང་བསྟུན་ནས། ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་། དབུལ་སྒྲོལ་ས་ཁུལ་གྱིས་ཞིང་ལས་ཐོན་ལས་ཀྱི་གྲུབ་ཆ་དང་ཐོན་རྫས་ཀྱི་གྲུབ་ཆ་ལེགས་སྒྲིག་ལ་རྒྱབ་སྐྱོར་བྱེད་པ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་གཏོང་བ། ཐོན་ལས་སྤུས་ཚད་མཐོ་བ་དང་། ཕན་འབྲས་ཆེ་བ། ཟུར་སྣོན་རིན་ཐང་མཐོ་བ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། གྲོང་གསེབ་ཐོན་ལས་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་ཕན་འབྲས་ནུས་ལྡན་ངང་ཆེ་རུ་གཏོང་བ་བཅས་བྱས་ནས། ཐོན་ལས་དར་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད།
2021ལོར་ལྗོངས་ཡོངས་ཀྱིས་ནོར་སྲིད་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་153.82སྤྱི་འདོམས་བསྡུ་སྒྲིལ་བྱས་པ་དང་། དེའི་ཁྲོད་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་དང་སྐུལ་འདེད་གཏོང་བའི་ཁ་གསབ་དངུལ་སྒོར་དུང་ཕྱུར་132.89དང་རྣམ་གྲངས་2127ལག་ལེན་བསྟར་ཡོད། ཟླ་11ཚེས་30ཉིན་བར་རྣམ་གྲངས་2021ལས་འགོ་ཚུགས་པ་དང་ལས་འགོ་ཚུགས་ཚད་95%ཟིན་ཡོད། མ་དངུལ་གཏོང་སྤྲོད་སྒོར་དུང་ཕྱུར་105.19ཟིན་པ་དང་གཏོང་སྤྲོད་བྱེད་ཚད་67.68%ཟིན་ཡོད་པ་རེད།
གྲོང་གསེབ་བཅོས་སྐྱོང་བྱས། མི་སེར་བདེ་ལ་འཁོད།
གྲོང་གསེབ་བཅོས་སྐྱོང་བྱ་རྒྱུ་དེ་གྲོང་གསེབ་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་ཞིང་པའི་བདེ་སྐྱིད་ཁམས་བདེ་དང་འབྲེལ་བ་ཡོད་ཅིང་། གྲོང་གསེབ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་རོགས་སྐྱོར་བྱ་ཆེད། རང་སྐྱོང་ལྗོངས་ཀྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་དང་རྨང་བརྟན་དམངས་ཕན་གྱི་གྲོང་སྡོད་ལས་དོན་ལ་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས། གྲོང་སྡོད་དོ་དམ་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་སྡོད་དཔུང་ཁག་སྟོབས་ཆེར་གཏོང་བ། གྲོང་སྡོད་ལས་དོན་རུ་ཁག་5537དང་གྲོང་སྡོད་ལས་བྱེད་པ་ཁྲི་1.6མུ་མཐུད་འདེམས་མངགས་བྱེད་པ་བཅས་བྱས་ནས། གྲོང་སྡོད་ལས་དོན་རུ་ཁག་དང་ཧྲུའུ་ཅི་ཨང་དང་པོ་ཁྱོན་ཡོངས་ལ་ཁྱབ་རྒྱུ་མངོན་འགྱུར་ཐུབ་ཡོད། དེ་དང་ཆབས་ཅིག གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་དང“རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”གི་མི་སྣ་མུ་མཐུད་བསྡུས་ནས། གཞི་རིམ་གྱི་གྲོང་གསེབ་དར་རྒྱས་ལས་ཀའི་སྟོབས་ཤུགས་མུ་མཐུད་ཆེ་རུ་བཏང་ཡོད།
ད་ཕན་ལོ་ཤས་རིང་། བོད་ལྗོངས་ཀྱིས་གྲོང་གསེབ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་ཀྱི་བཅོས་སྐྱོང་མ་ལག་མགྱོགས་མྱུར་བསྐྲུན་པའི་ལས་དོན་རབ་དང་རིམ་པའི་ཁྲོད། གསོན་ཉམས་དོད་པའི་དཔེ་མཚོན་མང་པོ་ཐོན་པ་དང་གྲོང་གསེབ་དར་རྒྱས་ཀྱི་སྔོན་ཐོན་དཔེ་མཚོན་མང་པོ་སྐྱེད་སྲིང་བྱས་པས། མང་ཚོགས་ཚོའི་རང་སྟོབས་ཕྱུག་འགྱུར་གྱི་འདུ་ཤེས་ཟབ་ཏུ་ཕྱིན་པ་དང“སྒུག་བརྟེན་སློང”གསུམ་གྱི་བསམ་བློ་དོར་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། བོད་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་མི་སྒེར་58དང་སྔོན་ཐོན་མཉམ་སྡེབ་43འོས་སྦྱོར་བྱས་ནས་གཟེངས་བསྟོད་བྱས་པ་དང་། ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་མི་སྒེར་820དང་སྔོན་ཐོན་མཉམ་སྡེབ་499བདམས་ནས་གཟེངས་བསྟོད་བྱས་པ་རེད།
དབུལ་ཞྭ་ཕུད་པ་ནི་མཇུག་འགྲིལ་བ་ཞིག་མིན་པར་འཚོ་བ་གསར་པ་དང་འབད་འཐབ་གསར་པར་བསྐྱོད་པའི་འགོ་འཛུགས་ས་གསར་པ་ཞིག་རེད། འདི་ལོ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་ལོ་དང་པོ་དེ་ཡིན། བོད་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ལ་རྒྱལ་ཁ་བླངས་པའི་མཚམས་འདིར། ང་ཚོར་དབུལ་སྒྲོལ་ས་ཁུལ་ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་མངོན་འགྱུར་ཐུབ་པའི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་ཡོད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
མགོ་འཛུགས་ས་གསར་པའི་ཐོག་འཕེལ་རྒྱས་གསར་པ་ཡོང་བ་བྱས་པ།