རྒྱལ་ཁབ་མང་པོའི་སྒྱུ་རྩལ་མཁས་ཅན་གྱིས་བོད་ལྗོངས་ཉིང་ཁྲིའི་སྲོལ་རྒྱུན་གྲོང་སྡེར་ལྟ་སྐོར་དང་བོད་ཟས་ཀྱི་བྲོ་བ་མྱོང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབྱི་ཐ་ལི་དང་། ཧན་གོ མོང་གོལ་རྒྱལ་ཁབ། ཕོ་ལན། ཨུ་རུ་སུ། དེ་བཞིན་ཀྲུང་གོའི་རི་མོ་མཁས་ཅན་དང་པར་ལེན་མཁས་ཅན་སོགས་ལས་གྲུབ་པའི་སྒྱུ་རྩལ་ཚོགས་པས་ཚེས་19ཉིན་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་དུ་ས་གནས་དེ་གའི་སྲོལ་རྒྱུན་གྲོང་སྡེ་ཀ་ལ་གྲོང་ཚོར་ལྟ་སྐོར་བྱས་ནས་བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་ཤེས་རྟོགས་བྱས་པ་དང་། ཉིན་དགུང་ཉིང་ཁྲི་གྲོང་ཁྱེར་གྱི་སྲོལ་རྒྱུན་བོད་ཟས་ཁང་ཞིག་ཏུ་དགུང་ཟས་བཟས་ནས་བོད་ཟས་ཀྱི་བྲོ་བ་མྱངས་པ་རེད།

དེ་ཉིན་སྔ་དྲོར། རྒྱལ་ཁབ་ཁག་གི་སྒྱུ་རྩལ་མཁས་ཅན་གྱིས་ཉིང་ཁྲི་གྲོང་ཁྱེར་ཀ་ལ་གྲོང་ཚོའི་གྲོང་མིའི་ཁྱིམ་དུ་བསྐྱོད་ཅིང་། “ང་ནི་དབྱི་ཐ་ལིའི་ཧྥུའུ་ལོ་ལུན་ས་ནས་ཡོང་བ་ཡིན། ཁྱེད་ཀྱིས་དབྱི་ཐ་ལི་གང་དུ་ཡོད་པ་ཧ་གོ་གི་ཡོད་དམ”ཅེས་དབྱི་ཐ་ལིའི་སྒྱུ་རྩལ་མཁས་ཅན་ཡ་ཀོ་པོས་ཀ་ལ་གྲོང་ཚོའི་ལོ་དྲུག་ལ་སོན་པའི་ཕྲུ་གུ་དངོས་གྲུབ་ཚེ་རིང་ལ་སྐད་ཆ་དྲིས།

“དབྱི་ཐ་ལི་མེ་གླིང་བྱང་མར་ཡོད་དམ”ཅེས་དངོས་གྲུབ་ཚེ་རིང་གིས་སྐད་ཆ་དྲིས་པར། “རེད། ཀྲུང་གོ་ནས་མེ་གླིང་བྱང་མར་གནམ་གྲུར་བསྡད་ན་ཆུ་ཚོད་12འགོར་གྱི་ཡོད་པ་དང་དབྱི་ཐ་ལི་བར་ཆུ་ཚོད་9ལས་འགོར་གྱི་མེད། དེར་བརྟེན་དབྱི་ཐ་ལི་ཅུང་ཐག་ཉེ་བ་ཡོད། ཁྱོད་ཆེན་པོ་ཆགས་རྗེས་གོ་སྐབས་བྱུང་ཚེ་བལྟ་བར་འགྲོ་ཆོག”ཅེས་ཡ་ཀོ་པོས་དངོས་གྲུབ་ཚེ་རིང་ལ་བརྗོད།

དངོས་གྲུབ་ཚེ་རིང་གི་ནང་མིས། བུ་དུས་སང་སློབ་ཆུང་འགྲིམ་མཁན་ཡིན་པ་དང་ས་བཀྲར་དད་པོ་ཡོད་ཅེས་ངོ་སྤྲོད་བྱས། དེ་རྗེས། དངོས་གྲུབ་ཚེ་རིང་གིས་ས་བཀྲ་བསྟེན་སྐབས་ཡ་ཀོ་པོས་ས་བཀྲའི་སྟེང་གི་དབྱི་ཐ་ལི་ནི་ལྷམ་ཡུ་རིང་ཞིག་དང་འདྲ་པོ་ཡོད་ཅེས་རྗོད་བཞིན་དངོས་གྲུབ་ཚེ་རིང་ལ་འཚོལ་དུ་བཅུག

ཀ་ལ་གྲོང་ཚོ་ནི་ཡར་ཀླུང་གཙང་པོའི་ཡན་ལག་ཆུ་ཕྲན་ཉང་ཆུའི་འགྲམ་དུ་གནས་ཤིང་། ཉིང་ཁྲི་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་12ཡོད་པ་དང་། གྲོང་ཚོར་གནའ་བོའི་ཁམ་སྡོང་1200ལྷག་ཙམ་ཡོད། ལོ་ལྟར་དཔྱིད་ཀར་ཁམ་བུའི་མེ་ཏོག་ཆུ་བོའི་ངོགས་གཉིས་སུ་བཞད་པ་དང་ནས་ཀྱི་མྱུ་གུ་འབུས་ནས་མཛེས་ལྗོངས་རྣམ་པར་བཀྲ་བས་ས་གནས་དེ་གར་མིང་གྲགས་ཆེ་བའི“ཁམ་བུའི་མེ་ཏོག་གྲོང་ཚོ”ཞིག་རེད། ཀ་ལ་གྲོང་ཚོའི་འགན་ཁུར་བ་སྤེན་པ་ཡིས་ངོ་སྤྲོད་བྱས་དོན། ཁམ་བུའི་མེ་ཏོག་གི་ཡུལ་སྐོར་དང་ཞིང་འབྲོག་པའི་སྐྱེལ་འདྲེན་ལ་བརྟེན་ནས་ད་ལོ་ཚོད་དཔག་བྱས་ན་གྲོང་ཚོ་ཡོངས་ལ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་མི་དམངས་ཤོག་སྒོར་སྒོར་ཁྲི་3.5ཟིན་རེ་ཡོད།

རྒྱལ་ཁབ་ཁག་གི་སྒྱུ་རྩལ་མཁས་ཅན་གྱིས་གྲོང་མི་ཟླ་བ་རྒྱལ་མཚན་གྱི་ཁྱིམ་དུ་སྐྱོད་སྐབས། ལ་ལས་གྱང་ལྡེབས་ཀྱི་བོད་བཟོའི་མཛེས་རིས་ལ་དགའ་པོ་བྱེད་པ་དང་། ལ་ལས་ཕྱུར་བ་ཇི་ལྟར་བཟོ་བར་ཡ་མཚན་སྐྱེ་བ། ལ་ལས་བོད་རིགས་ཀྱི་སྲོལ་རྒྱུན་ཇ་མདོང་ལ་ཉམས་ལེན་བྱེད་པ་སོགས། “ང་ཚོས་རྟའི་འོ་མའི་ཨ་རག་སྙོལ་སྐབས་ཡང་མདོང་མོ་དེ་རིགས་སྤྱོད་ཀྱི་ཡོད”ཅེས་མོང་གོལ་རྒྱལ་ཁབ་པ་ཡན་ཧུང་ཀར་ནས་སླེབས་པའི་རི་མོ་མཁས་ཅན་སྨི་ཏེ་ཀོ་མས་བརྗོད།

ཉིན་གུང་ཉིང་ཁྲི་གྲོང་ཁུལ་དུ་ལོག་རྗེས། རྒྱལ་ཁབ་ཁག་གི་སྒྱུ་རྩལ་མཁས་ཅན་གྱིས“དྭངས་གཙང་ཀླུ་སྒུག”ཅེས་པའི་བོད་ཟས་ཁང་ཞིག་ཏུ་དགུང་ཟས་བཟས་པ་དང་། ཁ་ལག་ཟ་མཁན་མང་བའི་དུས་ཚོད་དང་ཏག་ཏག་འཁེལ་བས། ཟ་ཁང་དུ་འུར་སྒྲས་ཁེངས། ཚང་མས་ཇ་བསྲུབས་མ་དང་། ཇ་མངར་མོ། བོད་ཐུག་དང་དེ་བཞིན་ཤ་བག་ལེབ་དང་ཤ་འབྲས་སོགས་ཀྱི་བྲོ་བ་མྱངས་པ་རེད།

“བོད་ཟས་ཁང་དུ་ཇ་མངར་མོ་དང་ཇ་བསྲུབས་མ་ལས་ཆུ་འཁོལ་མི་འདུག”ཅེས་ཧན་གོའི་རི་མོ་མཁས་ཅན་ལིའུ་ཧྲི་ཧའོ་ཡིས་བརྗོད་པ་དང་ཁོང་གིས་ཤ་འབྲས་ཤིག་མངགས། ལྷ་སའི་བོད་ཟས་ཁང་དང་བསྡུར་ན་ཉིང་ཁྲིའི་བོད་ཟས་ཁང་གི་ཚགས་ཤ་སྙི་བས་ཁོང་གིས་དགའ་པོ་བྱེད་ཀྱི་ཡོད།

ཕོ་ལན་གྱི་རི་མོ་མཁས་ཅན་པའེ་ཝེ་ཨེ་ཤེ་ཡ་ལྷོ་མའི་ས་ཁུལ་དང་རྒྱལ་ཁབ་མི་ཉུང་བ་ཞིག་ཏུ་འགྲོ་མྱོང་ཡོད་ཅིང་། ཁོང་གིས་བོད་ཀྱི་བོད་ཟས་ཁང་ལ་འཚོ་བའི་ཉམས་འགྱུར་མངོན་གྱི་འདུག་ཅེས་བརྗོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།