ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་འབྱུང་རྩར་གཞི་ཚུགས་ཏེ། དངོས་ཚན་དཔལ་འབྱོར་དང་ལྷག་པར་དུ་ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། དངུལ་རྩའི་སྒྲིག་གཞིས་གཙོ་གནད་ཁྱབ་ཁོངས་ཀྱི་མ་འཇོག་དང་འཛུགས་སྐྲུན་ཐད་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་ནས། ཁོངས་གཏོགས་ཁུལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་།
ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་དངུལ་ལོ་ཤར་རྒྱག་ཐོན་པའི་སྲིད་ཇུས་ཀྱི་བྱེད་ཐབས་ཁག་གཉིས་ད་ལོའི་ལོ་མཇུག་བར་དུས་འགྱངས་བྱེད་པའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་ལ་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཀུན་ཕན་དངུལ་རྩ་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱས། ཟླ10པའི་ཟླ་མཇུག་བར། ཁོངས་གཏོགས་ཁུལ་གྱི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར5174.87ཟིན་པ་དང་། དེ་ལོ་གོང་མའི་དུས་མཉམ་ལས3.58%འཕར་ཡོད། དེའི་ཁྲོད་ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར2235.90ཟིན་པ་དང་། དེ་ལོ་གོང་མའི་དུས་མཉམ་ལས6.80%འཕར་ཡོད་ལ། ཀུན་ཕན་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར177.45ཟིན་ཡོད་ལ། དེ་ལོ་གོང་མའི་དུས་མཉམ་ལས44.53%འཕར་ཡོད།
གྲོང་གསེབ་ཀྱི་དངུལ་རྩའི་ཞབས་ཞུ་སྒྲུབ་ཤུགས་ཆེ་རུ་གཏོང་ཆེད། ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་སྐར་ཁུང་མཛུབ་ཁྲིད་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། དངུལ་རྩའི་སྒྲིག་གཞིས་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་པ། དངུལ་རྩའི་ཞབས་ཞུའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་བཏང་ནས། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་ནུས་ལྡན་བཏང་བ་རེད། ཟླ10པའི་ཟླ་མཇུག་བར། ཞིང་འབྲེལ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར1541.94ཟིན་པ་དང་། དེ་ལོ་གོང་མའི་དུས་མཉམ་ལས3.56%འཕར་ཡོད། དེའི་ཁྲོད་ཞིང་དུད་དང་ཞིང་སྡེའི་ཁེ་ལས་ཀྱི་དངུལ་བུན་སོ་སོར་དུས་མཉམ་ལས4.84%དང28.37%འཕར་ཡོད།
དེ་དང་ཆབས་ཅིག ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ད་དུང་ལྗང་མདོག་དངུལ་རྩ་འཕེལ་རྒྱས་ཀྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞི་ཁག་ལ་ལྗང་མདོག་དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་གསར་གཏོད་ལ་ཤུགས་སྣོན་པར་ཁྲིད་སྟོན་བྱས་ཏེ། ལྗང་མདོག་ཡིད་རྟོན་དངུལ་བུན་གྱི་ཞབས་ཞུའི་ནུས་པ་མཐོར་འདེགས་སུ་བཏང་བ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་སྤུས་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་ལ་རོགས་རམ་བྱས།