—— ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས“གངས་ལྗོངས་ཀྱི་ཁེར་ཆགས་གླིང་ཕྲན”ཚོ་སྲིབ་གསུམ་དཀྱིལ་དུ་ཐེངས་བཞི་བསྐྱོད་པའི་སྐོར་བཀོད་པ།
མཛེས་སྡུག་ལྡན་པའི་ཁྱིམ་གཞིས་གསར་པ།
བོད་ལྗོངས་མངའ་རིས་ས་ཁུལ་རྩ་མདའ་རྫོང་ཚོ་སྲིབ་གསུམ་དཀྱིལ་ཤང་བར་ལྷ་ས་ནས་བར་ཐག་སྤྱི་ལེ་2000ལྷག་ཙམ་དང་པེ་ཅིང་ནས་བར་ཐག་སྤྱི་ལེ་5000ལྷག་ཙམ་ཡོད་པ་དང་། ཆ་སྙོམས་ས་བབ་སྨི་4100ཟིན་པའི་ཁར་མཁའ་དབྱིངས་སུ་ཟུག་འདྲའི་གངས་རི་མཐོ་ལ་གཟར་བ་དང་ལོ་ལྟར་གངས་ཆེན་པོ་བབས་ཚེ་ལོ་ཕྱེད་ཙམ་རི་ལམ་འགགས་ནས་འགྲོ་ཐུབ་ཀྱི་མེད་པས་མིང་དོན་མཚུངས་པའི“གངས་ལྗོངས་ཀྱི་ཁེར་ཆགས་གླིང་ཕྲན”ཞིག་རེད།
2018ལོ་ནས་བཟུང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སྔ་རྗེས་སུ་ཐེངས་བཞི་དེར་བཅར་འདྲི་དང་དངོས་སྡོད་ཞིབ་འཇུག་བྱེད་པར་བསྐྱོད་དེ་མཐའ་མཚམས་ཤང་དང་གྲོང་རྡལ་དེ་གའི་འགྱུར་ལྡོག་ཟིན་ཐོར་བཀོད་ནས་ཡུལ་དེའི་ལས་བྱེད་པ་དང་མང་ཚོགས་ཚོས་བླ་ན་མེད་པའི་མངའ་ཁོངས་ས་ཆ་སྲུང་བའི་ཐོག་མའི་བསམ་འདུན་འཆང་བ་དང་འགན་འཁྲི་སྒྲུབ་བཞིན་པ་མཐོང་།
2018ལོར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཚོ་སྲིབ་གསུམ་དཀྱིལ་དུ་ཐོག་མར་སྐྱོད་སྐབས། ཁང་པ་བརྗོད་གཞིར་བྱས་ནས《བོད་ལྗོངས་མངའ་རིས་ཀྱི་ཚོ་སྲིབ་གསུམ་དཀྱིལ་གྲོང་ཚོའི“མི་རབས་བཞིའི་ཁང་པ”ལས་ཀྲུང་གོའི་མཐའ་མཚམས་ཀྱི་འགྱུར་ལྡོག་ཆེན་པོ་མངོན》ཞེས་པའི་རྩོམ་ཡིག་བྲིས་ཡོད། 2018ལོའི་ལོ་མཇུག་ནས་བཟུང་། གསར་འགོད་པ་ཁྲེན་ཧྲང་ཚའེ་ཡིས་ཚོ་སྲིབ་གསུམ་དཀྱིལ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཤང་ཀྲང་གཞོན་པའི་འགན་ཁུར་ཏེ་ཡུལ་དེའི་མང་ཚོགས་དང་མཉམ་ཟ་མཉམ་སྡོད་མཉམ་ལས་བྱས་ལ་གངས་ཆེན་པོ་བབས་ནས་རི་ལམ་འགག་སྐབས་གནས་སྡོད་ཞིབ་འཇུག་ལོ་ཕྱེད་ཙམ་བྱས་ནས་བསྡད་ཡོད།
ཉེ་དུས་གསར་འགོད་པ་སླར་ཡང་ཚོ་སྲིབ་གསུམ་དཀྱིལ་དུ་བཅར་འདྲི་བྱེད་པར་བསྐྱོད་པ་ཡིན།
སྦྲ་ཁ་གྲོང་ཚོའི་མཁའ་རེག་ཚོགས་ཆུང་གི་ལོ་76ལ་སླེབས་པའི་རྒད་པོ་བསོད་ནམས་སྟོབས་རྒྱལ་ལ་ཡང་བསྐྱར་བཅར་འདྲི་བྱེད་སྐབས། ཁོང་སྒོ་རའི་ནང་བག་ཕེབས་ངང་ཇ་མངར་མོ་འཐུང་བཞིན་ཡོད་ལ་ཉེ་འཁོར་དུ་མེ་ཏོག་ལུག་མིག་ཁྲ་ལམ་མེར་བཞད་ཡོད། ཁོང་གིས“ངའི་མི་ཚེར་ཁང་པ་སྐྱིད་པོ་འདི་འདྲར་སྡོད་རྒྱུ་ཡོང་སྙམ་པ་བསམ་པའི་ཡུལ་ལའང་མེད”ཅེས་བརྗོད།
“བོད་རྙིང་པར་མཁའ་རེག་གི་མང་ཚོགས་རྣམས་བྲག་ཕུག་ཏུ་སྡོད་པ་དང་ཇག་པ་འགོག་ཆེད་བྲག་ཕུག་ལ་འཛུལ་ས་དང་། དོན་ས། བགྲོད་ལམ་བཅས་གཅིག་རང་ལས་མེད”ཅེས་བསོད་ནམས་སྟོབས་རྒྱལ་གྱིས་བརྗོད་པ་དང་། ཁོང་གིས་བཅིངས་འགྲོལ་དམག་གིས་ཇག་པ་མཐར་སྐྲོད་བཏང་རྗེས། ང་ཚོ་གཞི་ནས་བྲག་ཕུག་ནས་དོན་ཏེ་ཕ་གིའི་རི་སྐེད་དུ་རང་ཁྱིམ་བསྐྲུན་པ་ཡིན་ཞེས་བརྗོད།
རྒྱལ་ཁབ་ཀྱིས་མཐའ་མཚམས་ས་ཁུལ་ལ་གཏོང་ཆ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་སྦྲགས། མཁའ་རེག་གྲོང་ཚོའི་མི་རྣམས་ཀྱིས་སྔ་རྗེས་སུ་སྡོད་ཁང་གསར་སྐྲུན་ནམ་བསྐྱར་སྐྲུན་ཐེངས་3བྱས། 2018ལོར་སྦྲ་ཁ་གྲོང་ཚོའི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོའི་རྣམ་གྲངས་དངོས་སུ་ལག་ལེན་བསྟར་རིང་། མི་རེར་ཆ་སྙོམས་སྨི་ངོས་གྲུ་30ཡི་ཚད་གཞི་གཞིར་བཟུང་མང་ཚོགས་དུད་ཚང་རེར་སྡོད་ཁང་སྒོ་ར་རང་འགྲིག་རེ་སྤྲད་ཡོད།
1985ལོར་འབྲི་གཡག་30དང་རྟ་15ཡིས་འཛུགས་སྐྲུན་རྒྱུ་ཆ་དབོར་ཏེ་སློབ་གྲྭ་བསྐྲུན་ཅིང་། དེ་ནི་སྐབས་དེ་དུས་ཚོ་སྲིབ་གསུམ་དཀྱིལ་གྱི་དོན་ཆེན་ཞིག་ཡིན་པ་ལོ་68ལ་སླེབས་པའི་སྦྲ་ཁ་གྲོང་ཚོའི་མང་ཚོགས་ཤེས་རབ་རྡོ་རྗེས་ད་ལྟའང་གསལ་པོར་ངེས་བཞིན་ཡོད།
དེ་རྗེས་གཞུང་ལམ་དང་པོ་གྲོང་ཚོའི་སྦུག་བར་བཏིངས་པ་དང་། འཕྲོད་བསྟེན་ཁང་དང་སློབ་ཆུང་རིམ་བཞིན་གསར་སྐྲུན་ནམ་བསྐྱར་སྐྲུན་བྱས་པ། མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་རྣམ་གྲངས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ། 2012ལོར་ཚོ་སྲིབ་གསུམ་དཀྱིལ་དུ་ཤང་ཏང་ཨུད་དང་སྲིད་གཞུང་བཙུགས་ཏེ་སྒོ་བྱང་འགེལ་བའི་མཛད་སྒོ་གཟབ་རྒྱས་འཚོགས་པ་སོགས་བྱས་ཡོད།
ཉེ་བའི་ལོ་གཉིས་ཀྱི་འགྱུར་ལྡོག་གླེང་སྐབས། ཚོ་སྲིབ་གསུམ་དཀྱིལ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆི་ཡིས་གློག་གི་ལྕགས་སྒྲོམ་མཐོན་པོར་བཙུགས་ནས་རྒྱལ་ཁབ་ཀྱི་གློག་དྲ་ཆེན་པོའི་གློག་རི་ཁུལ་དུ་ཁྲིད་པ་དང་། འཕྲིན་གཏོང་བརྡ་རྟགས་རིམ་བཞིན་ཇེ་ཡག་ཏུ་བཏང་ནས་དྲ་བར་ཞུགས་སྐབས་4Gབརྡ་རྟགས་སླེབས་པ། ཆུ་ཀ་ལ་ཁྱིམ་དུ་ཁྲིད་ནས་མང་ཚོགས་ཆུ་ལེན་པར་སྐྱོད་མི་དགོས་པ་སོགས་རྒྱུས་མངའ་ཆེན་པོས་བརྗོད།
ང་ཚོའི་འཚོ་བ་གསར་པ།
རྩ་མདའ་རྫོང་བསྟི་ཡག་ཤང་ནས་ཐོན་ཏེ་ཐལ་ལམ་ཀྱག་ཀྱོག་བརྒྱུད་རླངས་འཁོར་དུ་ཆུ་ཚོད་1ཙམ་བསྐྱོད་ཚེ་ཤི་རང་ལ་འདབས་སུ་སླེབས། དེ་ནས་གཡས་ལ་བསྐྱོད་ན་ཆུ་གསུམ་ཤང་དང་གཡོན་དུ་བསྐྱོད་ན་ཚོ་སྲིབ་གསུམ་དཀྱིལ་ཤང་དུ་སླེབས་པ་ད་ཆ་སྣུམ་ནག་ལམ་གསར་རྐྱང་ཞིག་གིས་མཐའ་མཚམས་ཤང་དེ་གཉིས་གཅིག་ཏུ་སྦྲེལ་ཡོད།
གཞུང་ལམ་ཤར་གཏོང་ཐུབ་པར་དགའ་པོ་དེ་འདྲ་བྱེད་དོན་ནི་གཞུང་ལམ་མེད་པའི་སྐབས་སུ་དཀའ་སྡུག་ཚད་མེད་མྱངས་པས་རེད། འཇམ་དཔལ་བཟང་མོས“ཆུང་དུས་ཚོ་སྲིབ་གསུམ་དཀྱིལ་དུ་ཕྱིར་སྐྱོད་སའི་ལམ་མེད་པས། ཀོ་གྲུར་བསྡད་ནས་ཆུ་བོ་སྒྲོལ་བ་དང་། དེ་ནས་ལ་བརྒྱབ་སྟེ་འགྲོ་དགོས་ཀྱི་ཡོད”ཅེས་བརྗོད་པ་དང་། ཁོང་གིས“སྐབས་དེ་དུས་ལམ་ཐག་རིང་བས་ཕྱི་ལ་སློབ་གྲྭར་འགྲོ་མཁན་ཕྲུ་གུ་རྣམས་ལོ་གཅིག་ལ་ཁྱིམ་དུ་ཐེངས་གཅིག་ལས་ལོག་ཐུབ་ཀྱི་མེད”ཅེས་བརྗོད།
གཞུང་ལམ་ཡག་པོ་མེད་པ་དེས་མང་ཚོགས་ཀྱི་འཚོ་བར་ཤུགས་རྐྱེན་ཐེབས་པ་མ་ཟད། ཐོན་སྐྱེད་འཕེལ་རྒྱས་ལ་ཡང་ཤུགས་རྐྱེན་ཐེབས་ཀྱི་ཡོད། ཉེ་བའི་ལོ་གཉིས་རིང་། སྡོང་ཕྲུག་ཐོན་ལས་ཡུལ་དེར་འཕེལ་རྒྱས་མྱུར་པོ་བྱུང་ཡོད། འོན་ཀྱང་ཐོན་ལས་དེར་བརྟེན་ནས་ཕྱུག་པོ་ཆགས་ཐབས་བྱེད་པའི་འདུན་པ་དེ་གཞུང་ལམ་ཡག་པོ་མེད་པའི་རྐྱེན་གྱིས་ལོ་20ལྷག་ཙམ་འགྱངས་ཡོད།
“1995ལོར་ངའི་པཱ་ལགས་ཀྱིས་ཙུའུ་ཀྲང་བྱེད་སྐབས་མང་ཚོགས་སྒྲིག་འཛུགས་བྱས་ཏེ་ཆུ་བོ་རྒྱུག་ཁུལ་དུ་རྒྱ་ལྕང་བཏབ་མོད། འོན་ཀྱང་མངའ་རིས་སུ་ཟླ་བ་བཞི་པ་ལྔ་པར་ལྕང་མ་འདེབས་དགོས་པ་དང་དེ་དུས་ཏག་ཏག་ཚོ་སྲིབ་གསུམ་དཀྱིལ་དུ་གངས་ཆེན་པོ་བབས་ནས་རི་ལམ་འགགས་པ་་རེད”ཅེས་སྦྲ་ཁ་གྲོང་ཚོ་སྦྲ་མཆོག་ཚོགས་ཆུང་གི་ཙུའུ་ཀྲང་དངོས་གྲུབ་རྡོ་རྗེས་བརྗོད་པ་དང་། ཁོང་གིས་ཐེངས་ཤིག་ཉོ་མཁན་བཙལ་ནས་བཙོང་རྒྱུ་བྱས་ཟིན་ནའང་། གངས་ཆེན་པོ་བབས་ནས་ཟླ་ཕྱེད་ཙམ་རི་ལམ་འགགས་ཏེ་བཅད་ཟིན་པའི་སྡོང་ཕྲུག་དེ་དག་ཕྱི་ལ་དབོར་མ་ཐུབ་པའི་རྐྱེན་གྱིས་ཚོང་གི་གོ་སྐབས་ཤོར་བ་རེད་ཅེས་བརྗོད།
གཞུང་ལམ་ཤར་གཏོང་ཐུབ་ཚེ་ལས་རིགས་ཐམས་ཅད་དར། “ད་ཆ་གཞུང་ལམ་ཤར་གཏོང་ཐུབ་ལ་ཤར་བགྲོད་ཀྱི་བྱ་ཐབས་ཀྱང་ཡག་པོ་ཡོད་པས། ན་ནིང་སྡོང་ཕྲུག་དབོར་ནས་བཙོངས་པར་སྒོར་ཁྲི་40ཙམ་རག་པ་དང་འདི་ལོར་སྒོར་ཁྲི་91རག་པའི་ནང་ནས་80%བགོ་འགྲེམས་བརྒྱབ་ཡོད། འདི་ལོར་མང་ཚོགས་ཀྱིས་ལས་ཀ་ཟླ་གཅིག་ལྷག་ཙམ་བྱས་པར་སྒོར་ཁྲི་2.3ལྷག་ཙམ་བགོ་འགྲེམ་བརྒྱབ་ཡོད”ཅེས་དངོས་གྲུབ་རྡོ་རྗེས་བརྗོད།
—— 2019ལོར་མཁའ་རེག་ཚོགས་ཆུང་གི་ཞིང་འབྲོག་པའི་སྐྱེལ་འདྲེན་རུ་ཁག་དངོས་སུ་བཙུགས་པ་དང་གཞོན་ནུ་ལོ་ཆུང་མང་པོ་ཞིག་དེར་ཞུགས་ཡོད། ལོ་གཉིས་རིང་སྐྱེལ་འདྲེན་རུ་ཁག་ལ་ཡོང་འབབ་སྒོར་ཁྲི་148.4བྱུང་ནས་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་ནུས་ལྡན་ཐུབ་ཡོད།
—— ལོ་31ལ་སླེབས་པའི་སྦྲ་ཁ་གྲོང་ཚོའི་གྲོང་མི་རིན་ཆེན་དངོས་གྲུབ་ཀྱིས་གླ་པ་བྱེད་ཞོར་དུ་ཚ་ལ་དང་ཁང་པ་རྒྱག་སྟངས་ཤེས་ཡོད། “་དགུན་དཔྱིད་གཉིས་སུ་ཕྱུགས་འཚོ་གིན་མཐའ་མཚམས་སུ་སྐོར་གཡེང་བྱེད་པ་དང་དབྱར་སྟོན་གཉིས་སུ་ལག་རྩལ་ལ་བརྟེན་ནས་ཡོང་འབབ་གསོག་གི་ཡོད་པས། ཕྱོགས་གཉིས་ཀར་འཐུས་ཤོར་འགྲོ་གི་མི་འདུག”ཞེས་རིན་ཆེན་དངོས་གྲུབ་ཀྱིས་བཤད།
—— “གྲོང་ཚོར་གད་སྙིགས་སྦེད་ས་བཟོས་པ་དང་གྲོང་མི་ཚོའི་ཁང་པའི་རྒྱབ་མདུན་དུ་ལྕང་མ་འདེབས་པར་སྐུལ་ལྕག་བཏང་ཡོད”ཅེས་སྦྲ་ཁ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་དཔལ་ཡེ་ཤེས་ཀྱིས་བརྗོད་པ་དང་། ཁོང་གིས་གྲོང་ཚོའི་རྣམ་པ་མཛེས་པོ་དགོས་ལ་ཉམས་དོད་པོ་དེ་བས་དགོས་ཞེས་བརྗོད།
རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་ཡག་པོ་བྱེད།
ས་མཐོར་དགུན་ཁ་ཤར་མ་ཐག་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གྲོག་རོང་དུ་གངས་བབས་ཟིན། དངོས་གྲུབ་རྡོ་རྗེ་དང་སྦྲ་ཁ་གྲོང་ཚོའི་གྲོང་མི་བསོད་ནམས་ཡེ་ཤེས་ཀྱིས་ཡང་རླངས་འཁོར་བཏང་ནས་གཞིས་ཆེན་འབྲོག་རའི་ལས་སྒྲུབ་ས་ཚིགས་སུ་སྐྱོད་འགོ་ཚུགས།
དཀའ་སྡུག་ཁྲོད་འཚར་ལོངས་བྱུང་བའི་བསོད་ནམས་རྡོ་རྗེ་ལོ་20ལྷག་ཙམ་ནས་ཕར་ཕྱུཌ་འཚོ་རོགས་དང་རི་སྐོར་བྱེད་རོགས་བྱེད་མཁན་ཡག་པོ་ཞིག་ཏུ་གྱུར་ཅིང་། ཁོང་གིས“ས་མཚམས་ལས་རྒལ་མཁན་ཡོད་མེད་དང་། གྲོང་ཚོ་གཞན་གྱི་ཕྱུགས་རིགས་ང་ཚོའི་རྩྭ་རར་སླེབས་ཡོད་མེད། གྲོང་ཚོའི་འབྲི་གཡག་གང་དུ་ཕྱིན་མིན་སོགས་ལ་ཕྱུགས་འཚོ་སྐབས་དོ་སྣང་བྱེད་དགོས་པ་ཡིན། པཱ་ལཌ་ཀྱིས་རྒྱུན་དུ་འདི་ནི་ང་ཚོའི་རྒྱལ་ཁབ་ཀྱི་ས་ཆ་དང་ང་ཚོའི་ཁྱིམ་གཞིས་ཡིན་པས་ངེས་པར་དུ་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་ང་ཚོར་གསུང་གི་ཡོད”ཅེས་བརྗོད།
ཕ་མེས་ཚོའི་བསླབ་བྱ་རྒྱུན་འཛིན་བྱས་ཏེ་མཐའ་མཚམས་སྲུང་བ་ནི་ཚོ་སྲིབ་གསུམ་དཀྱིལ་གྱི་ཡུལ་མི་ཚོའི་ཁྲག་རྒྱུན་དུ་འདྲེས་ནས་རང་རྟོགས་ཀྱི་བྱ་སྤྱོད་ལ་གྱུར་ཡོད།
ལམ་ཐག་ཅི་འདྲ་རིང་བ་དང་དཀའ་སྡུག་ཅི་འདྲ་ཆེ་ཡང་མཐའ་མཚམས་ཀྱི་ས་ཆ་ཚང་མར་མཐའ་སྲུང་བ་བསྐྱོད་པའི་རྗེས་ཤུལ་ཡོད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ཧི་མ་ལ་ཡའི་རི་རྒྱུད་ཀྱི་འགྱུར་མེད་དམ་བཅའ།