གཅིག་སྡུད་བསྙེན་བཀུར་ཞུས། ཚེ་མཇུག་བདེ་ལ་རོལ།

—— རྫ་ཡུལ་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་མཁན་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སུ་བསྐྱོད་པའི་མཐོང་ཐོས།

ཉེ་བའི་ལོ་ཤས་རིང་། རྫ་ཡུལ་རྫོང་གིས་རྒན་གསོའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ཏུ་བརྩིས་ནས་སྐུལ་འདེད་གཏོང་བ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་གྱི་ཚོགས་སྤྱིར་དམིགས་པ། གཅིག་སྡུད་བསྙེན་བཀུར་གྱི་སྡོད་གནས་ཁོར་ཡུག་དང་། བསྙེན་བཀུར་གྱི་ཚད་གཞི། དོ་དམ་ཞབས་ཞུ་བཅས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། “རྒས་དུས་འཚོ་རྟེན་ཡོད་པ”དེ“རྒས་དུས་བདེ་ལ་རོལ་བར”་འགྱུར་ཐབས་བྱས་པས། དམིགས་བསལ་དཀའ་ངལ་ཡོད་མཁན་རྒན་རྒོན་གྱི་སྐྱིད་སྣང་དང་ཐོབ་སྣང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

རྫ་ཡུལ་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་མཁན་གཅིག་སྡུད་བསྙེན་བཀུར་གྱི་ཞབས་ཞུ་ལྟེ་གནས་རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་དུ་གནས་པ་དང་། རྫོང་གྲོང་དང་བར་ཐག་སྤྱི་ལེ་69ཡོད། 2015ལོའི་ཟླ་2ཚེས་15ཉིན་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་། དེ་གའི་ཁོར་ཡུག་མཛེས་ལ་སྒྲིག་བཀོད་ཧ་ཅང་ཆ་ཚང་པོ་ཡོད།

རྫ་ཡུལ་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་མཁན་གྱི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སུ་སྐྱོད་སྐབས་ལས་དོན་མི་སྣ་དང་རྒན་རྒོན་ཚོ་དྲོད་འཇམ་ཉི་འོད་འོག་བློ་བདེ་བག་ཕེབས་ངང་ཁ་བརྡ་གློད་བཞིན་འདུག མིག་སྔར་ཞབས་ཞུ་ལྟེ་གནས་སུ་རྫ་ཡུལ་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་མཁན་49ལ་གཅིག་སྡུད་གཉེན་བཀུར་ཞུ་བཞིན་ཡོད།

རང་གི་ཕ་མ་ལྟར་ལྟ་རྟོག་ཞིབ་ཚགས་བྱེད་པ།

རྫ་ཡུལ་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་མཁན་གྱི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ཀྱི་བུ་མོ་འདི་ལོ་ལོ་101ལ་སླེབས་ཀྱི་ཡོད། ཁོང་ནི་རྫ་ཡུལ་གྲོང་རྡལ་རོང་ཡུལ་གྲོང་ཚོ་ནས་ཡིན་པ་དང་། གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་གཉེར་སྐྱོང་བྱེད་འགོ་ཚུགས་རྗེས་སླེབས་པའི་རྒན་རྒོན་ཁག་དང་པོའི་གྲས་ཤིག་རེད། སྤྱི་ཚོགས་རྙིང་པའི་སྐབས་ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་མི་དྲོད་པ་དང་ཞིང་བྲན་བདག་པོའི་གཉའ་གནོན་འོག་འཚོ་བ་སྐྱེལ་གྱི་ཡོད། ཡིན་ནའང་ད་ཆ་ཚང་མ་འདྲ་མཉམ་དང་བདེ་སྐྱིད་ལྡན་པའི་འཚོ་བ་འདི་འདྲ་སྐྱེལ་རྒྱུ་བྱུང་བ་བསམ་བློའི་ཡུལ་ལའང་འཆར་མྱོང་མེད། རྒན་རྒོན་ཁོང་གིས་རྒྱལ་ཁབ་ཀྱིས་ང་ཚོ་ཆགས་ས་བརྟེན་ས་མེད་པའི་མི་ཧྲེང་རྒན་རྒོན་གཅིག་སྡུད་བསྙེན་བཀུར་བྱེད་ཀྱི་ཡོད་པས། ལྟོ་གོས་ལ་སེམས་ཁྲལ་མེད་པའི་ཁར་ད་དུང་ལས་དོན་མི་སྣས་ལྟ་རྟོག་ཞིབ་ཚགས་བྱེད་ཀྱི་འདུག ད་ཆ་ང་ཚོའི་འཚོ་བ་ཧ་ཅང་སྐྱིད་པོ་འདུག དེ་ཚོ་ཚང་མ་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་བཀའ་དྲིན་ཡིན་པས་སྙིང་དབུས་ནས་གུང་ཁྲན་ཏང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།

བུ་ཕྲུག་མེད་པའི་དབང་གིས་མི་ཧྲེང་རྒན་རྒོན་མང་དག་ཅིག་ཆགས་ས་བརྟེན་ས་གང་ཡང་མེད། མ་ཟད་མང་ཆེ་བ་ད་དུང་དབང་པོ་སྐྱོན་ཅན་རེད། རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་དབང་གིས་འདི་གར་རྒན་རྒོན་ཚོ་ཚེ་མཇུག་བདེ་ལ་རོལ་བཞིན་མཆིས།

འཚོ་བའི་ཐད་རང་མགོ་གཏན་ནས་མི་ཐོན་པའམ་ཡང་ན་རང་མགོ་ཐོན་ཙམ་གྱི་རྒན་རྒོན་ཚོར་ལས་དོན་མི་སྣས་སྨན་དང་ལྟོ་ཆས་སྟེར་བ་དང་། འཕུར་མཉེད་གཏོང་བ། ཆབ་གདན་བརྗེ་བ་སོགས་བྱེད་ཀྱི་ཡོད། ཐ་ན་ནང་མི་དང་མཉམ་དུ་འགྲོགས་པའི་དུས་ཚོད་ལས་རྒན་རྒོན་ལ་ལྟ་རྟོག་བྱེད་པའི་དུས་ཚོད་མང་བ་ཡོད། “ང་ཚོས་ཉིན་མཚན་དབྱེར་མེད་ངང་རྒན་རྒོན་ཚོ་དང་མཉམ་དུ་སྡོད་ཀྱི་ཡོད་པས། རང་ཉིད་ཀྱི་ཕ་མ་སྤུན་མཆེད་དང་མཉམ་དུ་གཤིབ་པའི་ཁོམ་པ་ཧ་ལམ་མི་འདུག”ཅེས་ལས་དོན་མི་སྣ་ཚེ་རིང་སྒྲོལ་དཀར་གྱིས་བཤད།

ཚན་རིག་དང་མཐུན་པའི་སྒོ་ནས་བསྙེན་བཀུར་ཧུར་ཐག་ཞུ་བ།

རྫ་ཡུལ་རྫོང་དམིགས་བསལ་དཀའ་ངལ་ཡོད་མཁན་གྱི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ཀྱི་འགན་འཁུར་བ་ཚུལ་ཁྲིམས་ལྷ་མོས་སྲིད་གཞུང་གིས་མ་དངུལ་བཏང་ནས་བསྐྲུན་པའི་རྒན་གསོའི་སྒྲིག་གཞིས་ཞབས་འདེགས་དང་དོ་དམ་ཡག་པོ་བྱེད་རྒྱུ་དེ་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱེད་ཀྱི་ཡོད། དེ་གོང་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སུ་འགན་འཁུར་བ་ཚུད་པའི་མི་15ཡིས་རྒན་རྒོན་49ལ་ལྟ་རྟོག་བྱེད་དགོས་པས། ལས་འབོར་ཆེ་ལ་དཀའ་ངལ་ཡང་ཆེན་པོ་འདུག་ཅེས་བཤད།

ཞབས་ཞུ་བ་ཡག་པོ་བྱས་པ། ཕྱོགས་གཅིག་ནས་ཁ་ལག་ཞིམ་པོ་བཟོ་ཤེས་པ་བྱེད་དགོས། བསྙེན་བཀུར་ཞབས་ཞུ་ལྟེ་གནས་ཀྱི་ཟ་ཁང་གི་ནག་པང་ཐོག་གཟའ་འཁོར་གཅིག་རིང་གི་ཚལ་ག་རེ་ཡོད་མེད་བྲིས་ཡོད་པ་དང་། ལྟོ་དུས་ཚང་མར་ཤ་ཚལ་དང་སྔོ་ཚལ་གཉིས་ཀ་སྡེབ་སྦྱོར་ཡག་པོ་བྱས་ཡོད། ཕྱོགས་གཞན་ཞིག་ནས་རྒན་རྒོན་དབང་པོ་སྐྱོན་ཅན་ལ་དྲག་སྐྱེད་ཞབས་འདེགས་ཞུ་དགོས་པ་མ་ཟད། རྫ་ཡུལ་རྫོང་མི་དམངས་སྨན་ཁང་གི་སྨན་པ་གདན་དྲངས་ནས་རྒན་རྒོན་ལ་དུས་ཚིགས་རེར་གཟུགས་པོར་བརྟག་དཔྱད་བྱས་ཏེ་བདེ་ཐང་ཡིག་ཚགས་བཟོས་པ་མ་ཟད། རྒན་རྒོན་དབང་པོ་སྐྱོན་ཅན་ལ་དྲག་སྐྱེད་སྦྱོང་བརྡར་བྱེད་བཅུག་གི་ཡོད།

གྲོགས་པོ་བློས་ཐུབ་པ་ཡག་པོ་བྱས་པ། རྒན་རྒོན་མི་རེ་ངོ་རེར་ལྟ་རྟོག་ཡག་པོ་བྱེད་པ་ཕུད། ད་དུང་རྒན་རྒོན་དང་མཉམ་དུ་ཅི་འཕྲོས་མོལ་འཕྲོས་བྱེད་ཀྱི་ཡོད། རྒན་རྒོན་ཚོས“འགྲམ་དུ་བུ་ཕྲུག་མེད་ཀྱང་འདི་གར་ཁྱིམ་ཚང་ལྟ་བུའི་དྲོ་སྐྱིད་ཚོར་བས་ཧ་ཅང་སྐྱིད་པོ་འདུག”ཅེས་དགའ་སྤྲོའི་ངང་བཤད།

འདུམ་འགྲིག་པ་ཡག་པོ་བྱས་པ། རྒན་རྒོན་ཚོ་མཉམ་དུ་འཚོ་བ་སྐྱེལ་སྐབས་གནས་ཚུལ་ཙག་ཙིག་ཐད་རྩོད་པ་ཤོར་གྱི་ཡོད་སྟབས་ལས་དོན་མི་སྣས་ད་དུང་འདུམ་འགྲིག་གི་ལས་དོན་ཡག་པོ་བསྒྲུབས་ནས་ཞི་མཐུན་གྱི་འཚོ་བའི་ཁོར་ཡུག་བཟང་པོ་ཞིག་བཏོད་དེ། ལྟེ་གནས་དེ་རྒན་རྒོན་གྱི་སྤྲོ་སྐྱིད་ཁང་ཞིག་ཏུ་སྐྲུན་ཡོད།

སྒྲིག་བཀོད་ཆ་ཚང་ལ་ཁོར་ཡུག་སྐྱིད་སྣང་དོད་པ།

བསྙེན་བཀུར་ཞབས་ཞུ་ལྟེ་གནས་སུ་རྒན་རྒན་ཚོ་སྣང་བ་སྐྱིད་པོ་ཡོང་ཆེད་ད་དུང་སྒྲོམ་སྟེགས་སྤོ་ལོ་དང་ཕུར་མཉེད་རྐུབ་སྟེགས་སོགས་སྒྲིག་ཆས་སྒྲིག་སྦྱོར་བྱས་པ་མ་ཟད། དུས་བཀག་ལྟར་རྒན་རྒོན་ཚོར་ཡི་གེ་འབྲི་སྟངས་དང་གླུ་གཞས་གཏོང་སྟངས་བསླབ་ཀྱི་ཡོད་པས། རྒན་རྒོན་ཚོའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད།

གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ཀྱི་སྒོ་ར་རྒྱབ་མར་ད་དུང་ཆེད་མངགས་ས་ཆ་སྟོང་པ་ཞིག་བཞག་ཡོད། དེ་གར་ཨ་གཤོམ་དང་། བ་དམ། དེ་བཞིན་སྔོ་ཚལ་སོགས་བཏབ་ཡོད། དེ་ནི་གཟུགས་གཞི་ཅུང་ཐང་བའི་རྒན་རྒོན་ཚོས་དགའ་ཤོས་བྱེད་པའི་ཁུལ་ཞིག་རེད། ཁོམ་པ་ཡོད་རིམ་བཞིན་དུ་སྦྱག་མ་འཁྱེར་ནས་ས་སློག་རྒྱག་གི་ཡོད། “དེ་སྔ་ཁྱིམ་དུ་སྡོད་སྐབས་ང་ཚོ་ཞིང་ཁ་བཏབ་ཀྱི་ཡོད་སྟབས་ལས་ཀ་ལས་རྒྱུ་གོམས་འདུག འདི་གར་སླེབས་རྗེས་འཚོ་བ་སྐྱིད་པོ་འདུག དེས་ན་ང་ཚོས་ཁོམ་པ་ཡོད་སྐབས་ཚལ་ཞིང་དུ་ཚལ་འདེབས་པར་འགྲོ་ཡི་ཡོད། ཚལ་བཏབ་ན་དུས་ཚོད་འགྲོ་མགྱོགས་ལ་གཟུགས་པོར་ཡང་སྦྱོང་བརྡར་ཐེབས་ཀྱི་འདུག རང་ཉིད་ཀྱིས་བཏབ་པའི་སྔོ་ཚལ་ཡག་པོ་སྐྱེས་པ་མཐོང་སྐབས་ཧ་ཅང་དགའ་པོ་འདུག”ཅེས་བགྲེས་སོང་ཚེ་རིང་སྟོབས་རྒྱལ་གྱིས་བཤད།

ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་མི་སྣས་རྒན་རྒོན་ཚོར་ལྟ་རྟོག་ཡག་པོ་བྱེད་པ་མ་ཟད། སྤྱི་ཚོགས་ལས་རིགས་ཁག་གིས་ཀྱང་རྒན་རྒོན་ཚོར་རྟག་ཏུ་འཚམས་འདྲིར་ཡོང་བས་རྒན་རྒོན་ཚོས་སྤྱི་ཚོགས་ཀྱི་སེམས་ཁུར་དང་དྲོ་སྐྱིད་ཚོར་ཐུབ་ཀྱི་ཡོད།

རྒན་གསོ་ནི་དམངས་འཚོའི་ལས་དོན་གལ་ཆེན་ཞིག་ཡིན་ཞིང་། རྒན་བཀུར་རྒན་གཅེས་ནི་འགན་འཁྲི་དང་འོས་འགན་རེད་ལ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་ཞིག་དེ་བས་རེད། རྫ་ཡུལ་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་མཁན་གྱི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ནས་ཏང་དང་སྲིད་གཞུང་གིས་རྒན་རྒོན་ཚོར་བྱམས་སྐྱོང་དང་སེམས་ཁུར་གནང་བ་གང་ལེགས་མངོན་ལ། སྤྱི་ཚོགས་ཧྲིལ་པོས་རྒན་རྒོན་ལ་བརྩི་བཀུར་དང་གཅེས་སྐྱོང་བྱེད་པ་ཡང་མངོན་ཡོད། ཕན་བདེའི་སྒྲིག་གཞི་ཚད་ལྡན་ཅན་འཛུགས་སྐྱོང་བྱས་ནས་ཞབས་ཞུར་དེ་བས་དྲོ་སྐྱིད་ལྡན་པ་དང་རྒན་རྒོན་ཚོའི་ཚེ་མཇུག་གི་འཚོ་བ་དེ་བས་བདེ་ཞིང་སྐྱིད་པ་ཞིག་ཡོང་བར་འབད་བཞིན་མཆིས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།