བོད་རང་སྐྱོང་ལྗོངས་ཀྱིས་སང་ལོའི་སྐོར་དང་པོའི་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གནས་ཀྱི་དགོས་མཁོའི་འཆར་གཞི་ཁྱབ་བསྒྲགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2022ལོའི་བོད་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ཀྱི་དགོས་མཁོར་འགན་སྲུང་བྱ་ཆེད། བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་ཁག་གི་འབྲེལ་ཡོད་སྡེ་ཁག་གིས་སྤྱི་ཚོགས་ལ་ཁ་ཕྱོགས་ནས་ལས་གནས་ཀྱི་དགོས་མཁོའི་འཆར་འགོད་རྒྱ་ཁྱབ་ངང་བསྡུ་རུབ་བྱས་ཡོད། ཉེ་སྔོན། བོད་རང་སྐྱོང་ལྗོངས་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས2022ལོའི་སྐོར་དང་པོའི་ལྗོངས་ཡོངས་ཀྱི་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གནས་ཀྱི་དགོས་མཁོའི་འཆར་འགོད་ཁྱབ་བསྒྲགས་བྱས་པ་རེད། 

གསར་འགོད་པས་རྒྱུས་ལོན་པ་ལྟར་ན། 2022ལོའི་སྐོར་དང་པོའི་ལྗོངས་ཡོངས་ཀྱི་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གནས་ཀྱི་དགོས་མཁོའི་འཆར་གཞི་བསྡོམས་པས40361ཡོད་པ་དང་། དེའི་ཁྲོད་ཁེ་ལས་ཀྱི་ལས་གནས34924(ལྗོངས་ནང་ཁུལ་གྱི་ཁེ་ལས་ཀྱི་ལས་གནས16097དང་། ལྗོངས་ཕྱིའི་ཁེ་ལས་ཀྱི་ལས་གནས18827)དང་། སློབ་ཆེན་སློབ་མ་གཞི་རིམ་དུ་འཚར་ལོངས་བྱུང་བའི་འཆར་གཞིའི་ལས་གནས315(ནུབ་རྒྱུད་དང་བླངས་པའི་འཆར་གཞིའི་ལས་གནས70དང་། སྲིད་གཞུང་གིས་ཉོ་སྒྲུབ་བྱས་པའི་ཞབས་ཞུའི་ལས་གནས245)ལྗོངས་ནང་ཁུལ་དུ་ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཀྱི་ལས་གནས113། སློབ་གྲྭར་མ་ཞུགས་གོང་གཏན་འཁེལ་བྱས་པའི་ལས་ཞུགས་ཀྱི་ལས་གནས(གན་བཞག་གནས་ངེས་ཀྱི་སློབ་མ)1149། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས་མཁོ་འདོན་བྱས་པའི་ལྗོངས་ཕྱིའི་བྱ་ལས་སྡེ་ཚན་གྱི་ལས་གནས581། དམག་ཁོངས་སུ་ཞུགས་པའི་འཆར་གཞིའི་ལས་གནས300། སློབ་རྒྱུས་མཐོ་རུ་གཏོང་བའི་འཆར་གཞིའི་ལས་གནས2979བཅས་ཡོད། ལས་ཞུགས་ལས་གནས་ཀྱི་དགོས་མཁོའི་འཆར་གཞི་གཞན་དག་སྐོར་བགོས་ཏེ། དུས་ཐོག་ཏུ་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པས། རྒྱ་ཆེའི་མཐོ་སློབ་མཐར་ཕྱིན་སློབ་མ་རྣམས་ཀྱིས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ལས་ཞུགས་ཀྱི་གོ་སྐབས་ཁོང་དུ་ཆུད་པ་བྱས་ནས་མགྱོགས་མྱུར་སྒོས་འོས་འཚམ་གྱི་ལས་གནས་སུ་ལས་ཞུགས་ཐུབ་རྒྱུའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།