ཟླ12ཚེས14ཉིན། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དུ་ཁྲོན་བོད་ལྕགས་ལམ་བོད་ལྗོངས་དུམ་བུའི་ལམ་ཐིག་ཧྲིལ་པོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་པ་དེ་ཐོག་ནས་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་རིམ་བྱུང་གི་ཐུགས་ཁུར་ཟབ་མོ་འདུས་ཡོད་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་འཆར་འགོད་བཀོད་སྒྲིག་གནང་ནས་སྐུལ་འདེད་བཏང་བའི“ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་པའི་འཕེལ་རིམ་ཁྲོད་ཀྱི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ”འདི་དུས་དེ་ནས་བཟུང་ལམ་ཐིག་ཧྲིལ་པོ་སྐྲུན་འགོ་ཚུགས་པའི་དུས་མཚམས་གསར་པ་ཞིག་ཏུ་སླེབས་པ་མཚོན་གྱི་ཡོད།
དུས་རབས་གཉིས་ཀྱི་རེ་སྒུག་ལས་མཆོང་སྐྱོད་བྱུང་བ།
ཁྲོན་བོད་ལྕགས་ལམ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་འཆར་འགོད་དང་། སྐུ་ངོ་མས་བཀོད་སྒྲིག སྐུ་ངོ་མས་སྐུལ་འདེད་བཅས་གནང་བའི་དུས་རབས་རང་བཞིན་གྱི་འཐབ་ཇུས་ལས་གྲྭ་ཞིག་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། ཁོང་གིས་ཁྲོན་བོད་ལྕགས་ལམ་བསྐྲུན་རྒྱུ་ནི་བོད་ཀྱི་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན། གཡག་རྔ་ནས་ཉིང་ཁྲི་དུམ་བུའི་ས་དབྱིབས་ས་གཤིས་དང་གནམ་གཤིས་ཆ་རྐྱེན་དེ་བས་རྙོག་འཛིང་ཆེ་ཞིང་། བཟོ་སྐྲུན་དཀའ་ཚེགས་ཆེ་ཚད་འཛམ་གླིང་ཐོག་མཐོང་དཀོན་པ་ཞིག་ཡིན་པས་ཚན་རྩལ་གསར་གཏོད་ཀྱི་འགག་རྩའི་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱས་ཏེ་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་གཞན་གྱི་སྔོན་ལ་སྒྲུབ་ཕོད་པ་བྱས་ནས་ཚན་རིག་དང་མཐུན་པའི་ངང་ཨར་སྐྲུན་དང་། བདེ་འཇགས་ངང་ཨར་སྐྲུན། ལྗང་མདོག་ངང་ཨར་སྐྲུན་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་འཕེལ་རིམ་ཁྲོད་ཀྱི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་དེ་འཛུགས་སྐྲུན་ཡག་པོ་བྱེད་དགོས་ཞེས་གསུངས་ཡོད།
2020ལོའི་ཟླ་11ཚེས་8ཉིན། ཁྲོན་བོད་ལྕགས་ལམ(གཡག་རྔ་ནས་ཉིང་ཁྲི་དུམ་བུའི་བར)ལས་འགོ་ཚུགས་ཤིང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་བྱེད་པ་ནི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གྱི་བྱེད་ཐབས་གལ་ཆེན་ཞིག་རེད། དེས་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད། མཐའ་མཚམས་བརྟན་ལྷིང་བརྟན་དུ་གཏོང་བ། ནུབ་རྒྱུད་ས་ཁུལ་དང་ལྷག་པར་དུ་སི་ཁྲོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།
ཚེས་14ཉིན། ཁྲོན་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་སྐྲུན་འགོ་ཚུགས་པ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་གཟབ་བཞེས་དང་ལེན་ཧུར་ཐག་ཞུས་པ་ཞིག་རེད།
ལོ་25ཡི་གོང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན་གཞིར་བཟུང་། ལྕགས་ལམ་པུས་བོད་སྐྱོད་ལྕགས་ལམ་འཆར་འགོད་ཞིབ་འཇུག་བཀོད་སྒྲིག་བྱས་པ་མ་ཟད། བོད་སྐྱོད་ལྕགས་ལམ(ཁྲོན་བོད་ལམ་ཐིག་དང་ཡུན་བོད་ལམ་ཐིག)འཆར་འགོད་ཞིབ་འཇུག་གི་ལས་དོན་ཡང་སྤེལ་བ་དང་།
ལོ་10ཡི་གོང་། ཁྲོན་བོད་ལྕགས་ལམ“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་དུ་དངོས་སུ་བཅུག་པ་རེད།
ཟླ་11ཚེས་25ཉིན། བོད་ལྗོངས་ལྕགས་ལམ་འཛུགས་སྐྲུན་ཚད་ཡོད་ཀུང་སིས་ཨར་པོའི་ཚན་པ་13དང་ལྟ་སྐུལ་དོ་དམ་ཚན་པ་10དང་གན་རྒྱ་བཞག་ནས་ས་གནས་ས་ཐོག་ཏུ་ས་བཀྲ་དང་། གནས་ཚད། ས་ཆ་བཅས་རྩིས་སྤྲོད་རྩིས་ལེན་དང་ལག་རྩལ་གསལ་འགྲེལ་སོགས་ཀྱི་ལས་དོན་བདེ་བླག་ངང་བསྒྲུབས་པ་དང་། ཆེད་ལས་ལག་རྩལ་དོ་དམ་པ་1987དང་། ལས་མི་5835 འགག་རྩའི་སྒྲིག་ཆས་1038བཅས་ལས་ཡུལ་དུ་དབོར་ཏེ་གྲ་སྒྲིག་ཨང་བསར་བྱས་པ་དང་ལོ་མང་རེ་སྒུག་བྱས་པའི་ཨར་ལས་དེ་རིང་མངོན་དུ་འགྱུར།
དཀའ་ཚེགས་ཆེ་ཤོས་དང་དུ་བླངས།
ཁྲོན་བོད་ལྕགས་ལམ་གཡག་རྔ་ནས་ཉིང་ཁྲི་བར་གྱི་ལམ་རྒྱུད་ཀྱི་ས་དབྱིབས་ས་གཤིས་དང་གནམ་གཤིས་ཆ་རྐྱེན་རྙོག་འཛིང་ཆེ་བ་དང་སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་ཕོག་སླ་བས་ཨར་པོའི་དཀའ་ཚད་འཛམ་གླིང་ཐོག་མཐོང་དཀོན་ཤོས་ཤིག་རེད།
ཁྲོན་བོད་ལྕགས་ལམ་གཡག་རྔ་ནས་ཉིང་ཁྲི་དུམ་བུའི་སྤྱིའི་རིང་ཚད་ལ་སྤྱི་ལེ་1011ཡོད་པ་ལས། སི་ཁྲོན་ཞིང་ཆེན་ས་ཁོངས་སུ་སྤྱི་ལེ་471དང་བོད་རང་སྐྱོང་ལྗོངས་ཀྱི་ས་ཁོངས་སུ་སྤྱི་ལེ་540ཡོད། དེ་སྔ་སྐབས་ཤིག་རིང་སྐྲུན་མི་ཐུབ་པའི་ངོས་འཛིན་བྱེད་པའི“མཁའ་ལམ”དེ་ནི་དཀའ་ཚེགས་ཆེ་ཤོས་མང་དག་ཅིག་ཁྱད་དུ་བསད་རྗེས་གོམ་པ་རེ་རེ་བཞིན་རང་བྱུང་འོབས་དོང་ནས་བདེ་བགྲོད་ལམ་དུ་གྱུར་ཡོད།
—— ལས་གྲྭ་རྐྱང་མར་མ་དངུལ་གཏོང་ཚད་ལོ་རྒྱུས་སུ་མང་ཤོས་ཡིན་པ། གཡག་རྔ་ནས་ཉིང་ཁྲི་དུམ་བུར་ཞིབ་འཇུག་བྱས་ནས་ཆོག་མཆན་སྤྲད་པའི་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་3198ཟིན་པ་དེ་ནི་ཀྲུང་གོའི་ལས་གྲྭ་འཛུགས་སྐྲུན་གྱི་ལོ་རྒྱུས་སུ་ལས་གྲྭ་རྐྱང་མར་མ་དངུལ་མང་ཤོས་བཏང་བའི་རྣམ་གྲངས་ཤིག་ཡིན་པ་དང་།
—— ཕུག་ལམ་རིང་ཤོས་དང་དཔྱང་ཐག་རྐྱང་པའི་དཔྱང་ཟམ་ཟམ་གདུང་ཆེ་ཤོས་ཡོད་པ། ཡིད་འོང་ཕུག་ལམ་གྱི་རིང་ཚད་ཧྲིལ་པོར་སྤྱི་ལེ་42.4ཡོད་པ་དེ་ནི་ཀྲུང་གོས་སྐྲུན་བཞིན་པ་དང་འཆར་འགོད་བྱས་པའི་ལྕགས་ལམ་གྱི་ཕུག་ལམ་རིང་ཤོས་དང་པོ་དེ་རེད། སྨི་1060ཟིན་པའི་རྒྱལ་མོ་རྔུལ་ཆུའི་ལྕགས་ལམ་གྱི་དཔྱང་ཟམ་ཆེན་པོ་ནི་རྒྱལ་ནང་དུ་ལྕགས་ལམ་གྱི་རིང་ཚད་ཆེ་ཤོས་ཀྱི་དཔྱང་ཟམ་ཡིན་པ།
—— འཛུགས་སྐྲུན་གྱི་དཀའ་ཚད་ལོ་རྒྱུས་སུ་ཆེ་ཤོས་ཡིན་པ། ཁྲོན་བོད་ལྕགས་ལམ་གྱི་ལམ་ཐིག་80%ཙམ་ས་བབ་སྨི་3000ཡན་དུ་གནས་པ་དང་ས་བབ་མཐོ་ཤོས་ལ་སྨི་4400ཟིན་ཞིང་། སྒང་གཤོང་དབར་མཐོ་ཚད་སྨི་2000ནས་སྨི་3000བར་གྱི་ཁྱད་པར་ཡོད་པ་རེད། རྙོག་འཛིང་ཆེ་ཞིང་ཧ་ཅང་རིང་བའི་ཕུག་ལམ་དང་། གཡང་གཟར་ཟམ་པ་མང་བ། ཟམ་པ་དང་ཕུག་ལམ་གྱི་བསྡུར་ཚད་93.7%ཟིན་པ། ས་གཤིས་ཆ་རྐྱེན་ཧ་ཅང་རྙོག་འཛིང་ཆེ་བ། སྐྱེ་ཁམས་ལ་གཏོར་སྐྱོན་ཕོག་སླ་བ། ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་ཞན་པ་བཅས་ཡོད་པས་རིགས་གཅིག་མཁས་ཅན་གྱིས་འཛམ་གླིང་ཐོག་འཛུགས་སྐྲུན་བྱེད་ཁག་ཤོས་ཀྱི་ལས་གྲྭ་ཞེས་བརྗོད་ཀྱི་ཡོད་པ་རེད།
དཀའ་ཚེགས་ཆེ་ཤོས་ཁྱད་བསད་བྱེད་དགོས་ན་དཀའ་སྤྱད་འབད་བརྩོན་ལྷོད་མེད་བྱེད་དགོས་པ་ནི་སྨོས་མེད་རེད། བོད་རང་སྐྱོང་ལྗོངས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་སྔ་རྗེས་སུ་གཞུང་ལས་ཁང་གི་ཚོགས་འདུ་ཐེངས་17འཚོགས་ཏེ་འགན་འཁྲི་ཁག་བགོས་ཞིབ་ཕྲ་བྱས་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་དང་། རྒྱལ་ཁབ་གློག་དྲ། འཕྲིན་གཏོང་དོ་དམ་སྡེ་ཚན་བཅས་སྔོན་ལ་ཞུགས་ནས་ལེ་ལག་ཚང་བའི་འདེགས་སྐྱོར་ལས་གྲྭར་སྐུལ་འདེད་བཏང་བ། རིགས་གཅིག་མཁས་ཅན་གྱི་བློ་འདྲིའི་ཚོགས་ཆུང་གིས་སྔ་སྣུར་དུ་ཚན་རྩལ་འགག་སྒྲོལ་བྱས་ནས་ལག་རྩལ་གྱི་འདེགས་སྐྱོར་ནུས་ལྡན་བྱས་པ་སོགས་ནི་བོད་རང་སྐྱོང་ལྗོངས་ཁོ་ནས་བཟོ་སྐྲུན་ལས་དོན་ལ་གཞོགས་འདེགས་ཀྱིས་འབད་བརྩོན་བྱས་པ་ཞིག་ཡིན་པས། ཀྲུང་དབྱང་གི་འབྲེལ་ཡོད་པུའུ་ཨུད་དང་འབྲེལ་ཡོད་སི་ཁྲོན་ཞིང་ཆེན་གྱིས་ཕུལ་བའི་ལེགས་སྐྱེས་ནི་ཧ་གོ་དོན་གསལ་རེད།
ལོ་བརྒྱ་གཉིས་པའི་འབད་འཐབ་ཀྱི་རྒྱང་སྐྱོད་ལམ་བུ་གསར་པར་བསྐྱོད་པ།
ཐུགས་ཁྲལ་དེ་ནི་ལོ་ངོ་བརྒྱ་ལྷག་ཙམ་སོང་རྗེས་ཇེ་ཟབ་དང་ཆེ་རུ་སོང་།
ལས་འགོ་མ་བཙུགས་གོང་། རྣམ་གྲངས་འཛུགས་པ་དང་ཞིབ་མཆན་འགོད་པར་སེམས་ཁྲལ་བྱེད་པ་དང་། ལག་བསྟར་བྱས་འཐུས་ཀྱི་ཞིབ་འཇུག་དང་འཆར་འགོད་ཡག་ཤོས་ལ་སེམས་ཁྲལ་བྱེད་པ། ལས་འགོ་ཚུགས་རྗེས་སྐྱེ་ཁམས་སྲུང་སྐྱོང་དང་ལས་གྲྭའི་འཕེལ་རིམ་ལ་སེམས་ཁྲལ་བྱེད་དགོས་ཀྱི་ཡོད། དམིགས་བསལ་གྱི་དོ་ཁུར་དང་ཆེད་མངགས་རྟོག་ཞིབ་བྱེད་ཐེངས་རེ་རེའི་རྒྱབ་ཏུ་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་དམངས་ཀྱི་སྣེ་ཁྲིད་དེ་དབུལ་སྒྲོལ་ལམ་དུ་གཅིག་ཀྱང་མི་ཆད་པ་བྱེད་པའི་ཁས་ལེན་དང་། བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོའི་སྣེ་ཁྲིད་དེ་གོམ་སྟབས་ཆེན་པོས་དེང་རབས་ཅན་གྱི་རྒྱང་སྐྱོད་ལམ་དུ་སྐྱོད་པའི་ཆོད་སེམས་གཅིག་ཏུ་འདུས་ཡོད།
ཐུགས་ཁྲལ་དེ་འདྲ་ཡོད་པའི་དབང་གིས་ཅི་འདྲའི་ཉེན་ཁ་ཆེ་བའི་རི་དང་། ཅི་འདྲའི་གཟར་བའི་གྱེན། ཅི་འདྲའི་དྲག་ཏུ་འབབ་པའི་ཆུ་བོ་བཅས་ཡོད་ཀྱང་དཀའ་ངལ་ལ་མ་འཛེམས་པར་མདུན་དུ་སྐྱོད་པ་དང་གཞན་གྱི་སྔོན་ལ་སྒྲུབ་ཕོད་པ་མཐའ་འཁྱོངས་ཀྱིས་རི་དང་ཐུག་ན་ལམ་བཟོ་བ་དང་ཆུ་དང་ཐུག་ན་ཟམ་པ་བརྒྱབ་སྟེ“ལམ་གཉིས”ཀྱི་སྙིང་སྟོབས་དང“དཀའ་བ་ཆེ་ཤོས་ལ་འཐབ་ནས་ཕུལ་བྱུང་གྲུབ་འབྲས་གཏོད་པའི”མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་ལྷོ་ནུབ་ས་ཁུལ་གྱི་ལྕགས་ལམ་ཨ་མ་དེར་བཅངས་པ་རེད།
མཚོ་བོད་ལྕགས་ལམ་དང་འདྲ་བར་ཁྲོན་བོད་ལྕགས་ལམ་ཤར་གཏོང་ཐུབ་རྗེས་ཤུགས་རྐྱེན་ཟབ་མོ་ཐེབས་ངེས་ཡིན་ཞིང་། རིགས་གཅིག་མཁས་ཅན་གྱིས་ཚོད་རྩིས་བྱས་པར་གཞིགས་ན། ལྷ་ས་ནས་ཁྲེང་ཏུའུ་བར་གྱི་འགྲུལ་བཞུད་དུས་ཚོད་ཆུ་ཚོད་10བར་ཐུང་དུ་འགྲོ་རེ་ཡོད་པ་རེད།
ཏང་གི་འོད་ཟེར་མཐའ་མཚམས་སུ་འཕྲོས། མཐའ་མཚམས་བུ་ཕྲུག་གི་སེམས་པ་ཏང་ལ་ཕྱོགས། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་རྒྱལ་ཁའི་གླུ་དབྱངས་ལེན་བཞིན་དཀའ་བ་དུ་མ་ཁྱད་དུ་བསད་དེ་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ངེས་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
“དུས་རབས་ཀྱི་ལས་གཞི་ཆེན་མོའི”རྒྱབ་ཀྱི་ཐུགས་ཁྲལ།