ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུར་བོད་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གྲོལ་མ་ཐག་པའི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་ད་ལོའི་དཔལ་འབྱོར་ལས་དོན་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་། མིག་སྔའི་རྒྱལ་ནང་དང་རྒྱལ་སྤྱིའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ། 2022ལོའི་དཔལ་འབྱོར་ལས་དོན་གྱི་སྤྱིའི་བླང་བྱ་དང་། དམིགས་ཚད་གཙོ་བོ། སྲིད་ཇུས་ཀྱི་ཁ་ཕྱོགས། ལས་འགན་གཙོ་བོ་བཅས་ཁ་གསལ་བཏོན་ནས་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་པས་བོད་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་དཔལ་འབྱོར་གྱི་དུས་བབ་ལ་ངོས་འཛིན་དང་སྟངས་འཛིན་ཡང་དག་བྱེད་པ་དང་། འབད་འབུངས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། དངོས་སྒྲུབ་ཀྱི་དད་སེམས་བརྟན་དུ་གཏོང་བ་བཅས་བྱས་ཏེ་གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བཤད་པ་རེད།

“གྲོལ་མ་ཐག་པའི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་རྒྱས་བཤད་གཏིང་ཟབ་བྱས་པས་ང་ཚོའི་མདུན་སྐྱོད་ཀྱི་ཁ་ཕྱོགས་སྔར་བས་བརྟན་དུ་ཕྱིན་པ་དང་འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཐུབ་ཡོད”ཅེས་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི་ཅུས་ཀྲང་ཀུའོ་ཧྲུན་མིན་གྱིས་བཤད་པ་དང་ཁོང་གིས“བོད་ཀྱི་ཁྲལ་དོན་ཁོངས་གཏོགས་ཀྱིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་དང་ཟུང་འབྲེལ་བྱས་ཏེ་བོད་ཀྱི་ཁྲལ་བསྡུའི་ལས་དོན་གྱི་དོན་དངོས་ལ་གཞི་བཙུགས་ནས་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་རྒྱུ་ཡིན། ང་ཚོས་ཏང་འཛུགས་སྐྱོང་དང་། ཁྲལ་གྲོན་ཡོང་འབབ་བཀོད་སྒྲིག ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དོན་འཁྱོལ། ཚོང་གཉེར་ཁོར་ཡུག་ལེགས་གཏོང་ཁྲལ་བསྡུའི་དོ་དམ་སྒྱུར་བཅོས་གཏིང་ཟབ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་སོགས་ཀྱི་ཐད་རྒྱུན་མཐུད་ངང་ཤུགས་སྣོན་བརྒྱབ་ནས་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་བཏང་སྟེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ཁྲལ་དོན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་བཤད་པ་རེད།

གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་ཨུད་ཀྱི་རྒྱུན་ཨུ་སྲིད་གཞུང་གི་རྒྱུན་ལས་རྫོང་དཔོན་གཞོན་པ་མགོན་པོ་རྡོ་རྗེས་སློབ་སྦྱོང་བྱས་པ་བརྒྱུད་ཚོགས་འདུའི་དགོངས་དོན་ལ་ངོས་འཛིན་རགས་ཙམ་བྱུང་བས་སེམས་འགུལ་ཆེན་པོ་ཐེབས་བྱུང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་གྱིས་བརྟན་པོ་ཡོང་རྒྱུ་གཙོ་བོར་བྱེད་པ་དང་བརྟན་ཐོག་ཡར་བརྩོན་མཐའ་འཁྱོངས་བྱས་ཏེ་སང་ལོའི་ལས་དོན་གྱི་བསམ་ཕྱོགས་དང་བྱ་ཐབས་བརྒྱུད་རིམ་ལྡན་པའི་སྒོ་ནས་ཇུས་འགོད་ཀྱིས་དམིགས་ཚད་ལས་འགན་ཁག་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བྱ་རྒྱུ་ཡིན། གྲོང་གསེབ་ཀྱི་ཞིང་ལས་ཀྱི་རྨང་གཞི་མུ་མཐུད་སྲ་བརྟན་དུ་བཏང་ནས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། འབྲུ་རིགས་འདེབས་ཤུགས་ཆེ་རུ་གཏོང་བ། ཞིང་པའི་ཐོན་སྐྱེད་ཡོང་འབབ་མང་དུ་གཏོང་བ་བཅས་བྱ་རྒྱུ་དང་། ཕྱུགས་རིགས་ཀྱི་རྒྱུད་པ་ལེགས་སུ་གཏོང་བའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ཚད་ལྡན་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ། ཐོན་ལས་ཀྱི་འབྲེལ་ཐག་སྣུར་སྲིང་བྱེད་པ། ཞིང་འབྲོག་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་བ། དཔལ་འབྱོར་གྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱ་རྒྱུ། རྫོང་ཁོངས་ཀྱི་ཐོན་ཁུངས་འབེལ་པོར་གཞི་ཚུགས་ཏེ་ཁང་དམར་རྫོང་གི་དོན་དངོས་དང་འཚམ་པའི་སྤུས་ལེགས་ཐོན་ལས་ཚོགས་པ་འཚོལ་ཞིབ་བྱས་ནས་གཏོད་པ་དང་། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ། མི་སེར་སྡོད་མལ་ལ་འཚམ་པ་དང་བཀོད་པ་གཙང་ཞིང་གྲལ་འགྲིག་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་ནས་གྲོང་གསེབ་ཀྱི་སྐྱེ་ཁམས་དར་རྒྱས་གཏོང་ཆེད་རྨང་གཞི་བརྟན་དུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་སྤྱི་ཚོགས་ཀྱི་སྲིད་ཇུས་ཐད་དམངས་འཚོའི་མཐའ་ཚད་བརྟན་པོ་སྲུང་དགོས་པའི་བླང་བྱ་བཏོན་ཡོད། རང་སྐྱོང་ལྗོངས་དམངས་སྲིད་ཐིང་སྤྱི་ཚོགས་རོགས་སྐྱོབ་ཁྲུའི་ལས་བྱེད་པ་བདེ་ཆེན་ཆོས་སྒྲོན་གྱིས་དམངས་སྲིད་ཀྱི་སྤྱི་ཚོགས་རོགས་སྐྱོབ་ཀྱི་ལས་དོན་པ་ཞིག་ཡིན་པའི་ངོས་ནས། ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་ཏེ་ཚོགས་འདུའི་དགོངས་དོན་ནང་སེམས་སུ་ཟུག་པ་དང་ཕྱིའི་བྱ་སྤྱོད་ཐོག་འཁྱོལ་བར་བྱས་ནས་གཞི་རྩའི་དམངས་འཚོ་འགན་ལེན་ལས་དོན་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་ལྗོངས་ཏང་ཨུད་ཀྱི་བླང་བྱ་ལྟར། དམངས་སྲིད་སྡེ་ཚན་གྱི་གཞི་རྩའི་དམངས་འཚོ་འགན་ལེན་གྱི་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་། སྤྱི་ཚོགས་ཀྱི་རོགས་སྐྱོབ་མ་ལག་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་རོགས་སྐྱོབ་ཀྱི་ཐ་སྐྱོང་འགན་ལེན་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་ཡོང་བ་དང་འབྲེལ་མཐུད་ནུས་ལྡན་བཅས་བྱས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་ཕྱོགས་ཡོངས་ནས་འགན་ལེན་ཡག་པོ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།