བོད་ལྗོངས་ཀྱི་ཞིང་སྡེའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་ཕན་འབྲས་བཟང་པོ་ཐོན་པ།

1310371179_1639451625660_title0h.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྐྱེ་ཁམས་འཚོ་སྡོད་ལ་འཚམ་པ་ནི་གྲོང་མིའི་བདེ་སྐྱིད་སྟོན་གྲངས་ཀྱི་བསམ་གཞིག་དམིགས་ཚད་གལ་ཆེན་ཞིག་ཡིན་ལ། ས་ཁུལ་ཞིག་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་གཉེར་བྱ་གཞི་དང་ཕུགས་འདུན་ཞིག་ཀྱང་ཡིན། 

ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཀྱིས་ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་གཞིར་བྱེད་པ་དང་། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ། གྲོང་གསེབ་འཛུགས་སྐྲུན་བྱ་རྒྱུ་གཙོ་གནད་དུ་འཛིན་པ་བཅས་བྱས་ཏེ། ཞིང་སྡེའི་འཚོ་སྡོད་ཁོར་ཡུག་མུ་མཐུད་ཇེ་ལེགས་སུ་བཏང་ནས། གྲོང་གསེབ་ཀྱི་འཚོ་སྡོད་དང་བྱ་གཞག་བསྒྲུབ་པར་འཚམ་པའི་ཁོར་ཡུག་བཏོད་པར་སྐུལ་འདེད་ཏན་ཏིག་བཏང་།

2018ལོ་ནས་བཟུང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར46.35བཏང་ནས་རོང་འབྲོག་ཁུལ་གྱི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་བྱས་པས། རོང་འབྲོག་ཁུལ་གྱི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་གི་ལོ་གསུམ་གྱི་བྱ་སྤྱོད་ལ་ཕན་འབྲས་བཟང་པོ་ཐོན་པ་དང་། ཞིབ་བཤེར་རྩིས་ལེན་དང་དཔྱད་དཔོག་ལས་དོན་བདེ་བླག་ངང་ལེགས་འགྲུབ་བྱུང་བ་དང་། རྫོང་དང་ཆུས74ཚང་མར་ཞིབ་དཔྱད་བྱས་པ་རེད། 

ལོ་གསུམ་རིང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་ཉིན་བཞིན་འཐུས་ཚང་དུ་ཕྱིན་པ་དང་། གྲོང་མིའི་སྡོད་ཁང་གི་ཆ་རྐྱེན་མུ་མཐུད་ཇེ་ལེགས་སུ་ཕྱིན་པ། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་ལ་མུ་མཐུད་སྐུལ་འདེད་བཏང་བ། གྲོང་ཁྱེར་གྱི་སྤུས་ཚད་མུ་མཐུད་མཐོར་འདེགས་སུ་ཕྱིན་པ་སོགས་བྱས་ཏེ། ཁྱིམ་གཞིས་མཛེས་ཤིང་ཡིད་དུ་འོང་བ་དང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་གསར་བ་རིམ་བཞིན་མངོན་ཡོད།

ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཀྱིས་ད་དུང“གཙང་སེལ་བཞི་དང་བཅོས་སྒྱུར་གཉིས”ལག་བསྟར་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ། གྲོང་ཚོར་གཙང་སྦྲ་བྱེད་པའི་བྱ་སྤྱོད་ཕྱོགས་ཡོངས་ནས་གཏིང་ཟབ་སྤེལ་བ་རེད། “གཙང་སེལ་གསུམ་དང་བཅོས་སྒྱུར་གཅིག”གི་རྨང་གཞིའི་ཐོག བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི“གཟན་རྩྭ་དང་གཟན་ཆས་སྤུངས་གསོག་བྱེད་པ་གཙང་སེལ་དང་མི་ཕྱུགས་མཉམ་སྡོད་ཀྱི་རྣམ་པར་འགྱུར་ལྡོག་གཏོང་བའི”ནང་དོན་གསར་སྣོན་བྱས་ནས། བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི“གཙང་སེལ་བཞི་དང་བཅོས་སྒྱུར་གཉིས”ཀྱི་བྱ་སྤྱོད་དུ་གྲུབ་ཡོད་ལ། དེས་གྲོང་ཚོ་འབོར་ཆེན་ཞིག་གི་གྲོང་ཚོའི་རྣམ་པ་ཇེ་ལེགས་སུ་བཏང་ནས་ཕན་འབྲས་བཟང་པོ་ཐོན་ཡོད།

ད་ལོའི་ཟླ1ནས10བའི་བར། རིམ་རྩིས་བྱས་ན་བོད་ལྗོངས་ཀྱིས་ཞིང་སྡེའི་འཚོ་བའི་གད་སྙིགས་ཏུན་ཁྲི3.69གཙང་སེལ་བྱས་པ་དང་། གྲོང་ཚོའི་ནང་ཁུལ་གྱི་ཆུ་རྫིང9982དང་ཆུ་ཡུར་སྤྱི་ལེ་ཁྲི1.85གཙང་སེལ་བྱས་ཤིང་། སོག་མ་གང་བྱུང་དུ་སྤུངས་གསོག་བྱེད་པ་ཁག7383གཙང་སེལ་བྱས་པ། སྒོ་ཕྱུགས་ཀྱི་ལྕི་བ་དང་བྱ་བྲུན་ཏུན་ཁྲི1.05གཙང་སེལ་བཅས་བྱས་པ་རེད།

ལྗོངས་ཡོངས་ཀྱི་གྲོང་ཚོ667དུ“དམར་ནག་མིང་རིམ”དཔྱད་བསྡུར་བྱས་པ་དང་། གྲོང་ཚོ1564ལ“འཁོར་སྐྱོད་དར་དམར”གྱི་དཔྱད་བསྡུར་བྱས་པ། གྲོང་ཚོ1011ལ་སྐར་གསོག་ལམ་ལུགས་ཀྱི་དཔྱད་བསྡུར་བྱས་པ། གྲོང་ཚོ1371ལ་གཙང་ཞིང་གྲལ་འགྲིག་པའི་སྒོ་རའི་དཔྱད་བསྡུར་བྱས་པ། གྲོང་ཚོ40%ཡིས་མི་ཕྱུགས་ལོགས་དབྱེ་མངོན་འགྱུར་བྱུང་བ། གྲོང་ཚོའི་ཁོར་ཡུག་འཕྲོད་བསྟེན་གྱི་རྣམ་པར་གཞི་རྩའི་ཆ་ནས་འགྱུར་ལྡོག་བྱུང་ཡོད།

དེ་དང་ཆབས་ཅིག ཞིང་སྡེའི“གསང་སྤྱོད་གསར་བརྗེ”དམ་འཛིན་བྱ་གཞིར་བྱས་ནས་ཁྱིམ་སྤྱོད་འཕྲོད་བསྟེན་གསང་སྤྱོད་ཁྱབ་གདལ་གཏོང་ཚད་མཐོ་རུ་གཏོང་ཆེད། བོད་རང་སྐྱོང་ལྗོངས་ཀྱིས་ས་གནས་ཁག་གི་ཧེ་བག་རང་བཞིན་དང་ས་ཁོངས་མི་འདྲ་བའི་གནས་ཚུལ་དང་ཁྱད་ཆོས་ལ་བསམ་གཞིག་གང་ལེགས་བཏང་སྟེ། གསང་སྤྱོད་སྒྱུར་བཀོད་ཀྱི་ཚོད་ལྟའི་དཔེ་སྟོན་དང་ལག་ལེན་འཚོལ་ཞིབ་བྱས་ནས། ས་འོག་ཆུ་ལམ་གྱི་ཆུ་བཤལ་རྣམ་པ་དང་། རྩེ་གསུམ་ཅན་གྱི་བཤང་གཞོང་རྣམ་པའི་ཆུ་བཤལ་རྣམ་པའི་གསང་སྤྱོད་རིགས2། ལེགས་བཅོས་ཀྱི་གནམ་ཁང་རྣམ་པ་དང་ས་དོང་གཉིས་མ་རྣམ་པའི་གསང་སྤྱོད་རིགས3བཅས“2+3”རིགས5ཡི་གསང་སྤྱོད་སྒྱུར་བཀོད་རྣམ་པ་འོས་སྦྱོར་བྱས་པ་རེད།

2019ལོ་ནས2021ལོའི་བར། ཞིང་སྡེར་ཁྱིམ་སྤྱོད་འཕྲོད་བསྟེན་གསང་སྤྱོད་ཁྲི15.5གསར་སྣོན་བྱུང་བ་དང་། ལྗོངས་ཡོངས་སུ་རིམ་རྩིས་བྱས་ན་ཞིང་སྡེའི་ཁྱིམ་སྤྱོད་འཕྲོད་བསྟེན་གསང་སྤྱོད་ཁྲི30.2སྒྱུར་བཀོད་བྱས་ནས། ཁྱིམ་སྤྱོད་འཕྲོད་བསྟེན་གསང་སྤྱོད་ཁྱབ་ཚད54.24%ཟིན་པ་དང་། དེ2018ལོ་དང་བསྡུར་ན་བརྒྱ་ཆའི་ཚེག28.84མཐོ་རུ་ཕྱིན་ཡོད།

གཞན་ཡང་། ཞིང་སྡེའི་འཚོ་བའི་གད་སྙིགས་བསྡུ་བ་དང་ཐག་གཅོད་བྱེད་པའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། གད་སྙིགས་ཉུང་གཏོང་གི་བཟོ་རྩལ་འཚོལ་ཞིབ་བྱེད་པ།འཚོ་བའི་གད་སྙིགས་ཚ་སེལ་ཐག་གཅོད་ཀྱི་ཚོད་ལྟའི་རྣམ་གྲངས6ལག་ལེན་བསྟར་བ། ཞིང་སྡེའི་འཚོ་བའི་བཙོག་ཆུ་གཙང་སེལ་ཚོད་ལྟའི་རྣམ་གྲངས27བཀོད་སྒྲིག་བྱེད་པ། བོད་ལྗོངས་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་བྱ་རྒྱུར་འཚམ་པའི་ཉེར་སྤྱོད་ལག་རྩལ་དང་སྒྲིག་བཀོད་སྒྲིག་ཆས་ཁྱབ་གདལ་གཏོང་བ། མཐའ་མཚམས་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་སེལ་དང་ཆུ་མཁོ་འདོན་སྒྲིག་བཀོད་རྣམ་གྲངས73ལ་མུ་མཐུད་སྐུལ་འདེད་གཏོང་བ། གསང་སྤྱོད་སྒྱུར་བཀོད་ལས་དོན་ལ་སྤྱི་འདོམས་སྦྲེལ་མཐུད་བྱས་པ། བོད་ལྗོངས་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་བྱ་རྒྱུར་འཚམ་པའི་ཉེར་སྤྱོད་ལག་རྩལ་དང་སྒྲིག་བཀོད་སྒྲིག་ཆས་ཁྱབ་གདལ་དུ་གཏོང་བ་བཅས་བྱས་ཏེ། རོང་འབྲོག་ཁུལ་གྱི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་།

ཟླ10པའི་བར། ལྗོངས་ཡོངས་ཀྱི་གྲོང་ཚོ1620ལ་གད་སྙིགས་རིགས་དབྱེའི་ལས་དོན་སྤེལ་བ་དང་། གད་སྙིགས་བརྗེ་རེས་སྒོ་རྩིས་ཚོང་ཁང117བཙུགས་པ། གྲོང་ཚོ5281ལ་གད་སྙིགས་གཅིག་སྡུད་བསྡུ་རུབ་བྱ་ཡུལ་བཙུགས་པ། གྲོང་ཚོ292བཙོག་ཆུ་མདོང་ལམ་བསྐྲུན་པའི་འཆར་འགོད་ནང་བཅུག་པ། གྲོང་ཚོ479ལ་གཅིག་སྡུད་རྣམ་པ་དང་ཁ་ཐོར་རྣམ་པའི་ཞིང་སྡེའི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་སྒྲིག་བཀོད་བསྐྲུན་པ། གྲོང་ཚོ351ལ་བཙོག་ཆུ་གཙང་སེལ་དང་དོ་དམ་ཚོད་འཛིན་གྱི་རྩིས་ཐོ་བཟོས་པ། གྲོང་ཚོ1309ཡིས་ཞིང་སྡེའི་བཙོག་ཆུ་གཙང་སེལ་དང་གསང་སྤྱོད་སྒྱུར་བཀོད་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་བ། གྲོང་ཚོ459ཡིས་ས་ཁོངས་དེའི་ཁྱད་ཆོས་དང་མཐུན་པའི་ཞིང་སྡེའི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་ལག་རྩལ་བེད་སྤྱོད་བྱས་པ། གྲོང་ཚོ1759ཡི་ཞིང་སྡེའི་འཚོ་བའི་བཙོག་ཆུ་གང་བྱུང་ཕྱིར་འབུད་བྱེད་པར་དོ་དམ་དང་ཚོད་འཛིན་ལེགས་པོ་བྱས་ཡོད། 

གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྣམ་གྲངས་ཀྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱ་ཆེད། ད་ལོ་ནས་བཟུང་ལྗོངས་ཡོངས་ཀྱིས་ལག་བསྟར་བྱས་ཟིན་པའི་ཐོན་ལས་དབུལ་སྐྱོར་རྣམ་གྲངས3055ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། མ་དངུལ་སྒོར་ཁྲི1000ཡན་བཏང་བའི་རྣམ་གྲངས880ལ་གཉེར་སྐྱོང་དང་དོ་དམ་སོགས་ཀྱི་ཐད་བརྒྱུད་རིམ་ལྡན་པའི་དཔྱད་དཔོག་བྱས་བ་རེད།

ཞིང་ཕྱུགས་ལས་ཐོན་ལས་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་གཏིང་ཟབ་གཏོང་ཆེད། བོད་ལྗོངས་ཀྱིས་ལེགས་ཆའི་ཁྱད་ལྡན་ཐོན་ལས་ཚོམ་བུ་དང་། དེང་རབས་ཞིང་ལས་ཐོན་ལས་གླིང་།ཞིང་ལས་ཐོན་ལས་སྟོབས་ཆེན་གྲོང་རྡལ་བཅས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། མཐོ་སྒང་གི་སྐྱེ་དངོས་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་ཡོངས་ཀྱི“གྲོང་ཚོ་རེར་སྤུས་རྟགས་རེའི”དཔེ་སྟོན་གྲོང་ཚོ་དང་གྲོང་རྡལ། ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ་གཏོད་པའི་ལས་དོན་མུ་མཐུད་སྤེལ་བ་བཅས་བྱས་ཏེ། ཞིང་ཕྱུགས་ལས་ཐོན་ལས་ཕྲེང་འབྲེལ་སྣུར་སྲིང་དང་ནུས་པ་རྒྱ་ཆེར་གཏོང་རྒྱུར་སྐུལ་འདེད་བཏང་བ་རེད།

མིག་སྔར། བོད་ལྗོངས་སུ་ཞིང་ཕྱུགས་ལས་གཉེར་སྐྱོང་བྱེད་མཁན་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་། ཞིང་ཕྱུགས་ཐོན་ཟོག་ལས་སྣོན་ཁེ་ལས331དང་། རིམ་པ་ཁག་གི་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས162། རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང12696། རྒྱལ་ཡོངས་ཀྱི་ཁྱིམ་ཚང་ཞིང་རའི་མིང་གཞུང་ནང་བཅུག་པའི་ཆ་འཕྲིན་མ་ལག་གི་ཁྱིམ་ཚང(འབྲོག་པའི)ཞིང་ར9666བཅས་ཡོད་པ་དང་། རོང་འབྲོག་མང་ཚོགས་ཀྱིས་རང་གནས་ས་གཞིའི་ཐོག་ནུས་ཤུགས་ཡོད་རྒུས་རང་ངོས་ཀྱི་རིན་ཐང་མངོན་པར་བྱས་ཡོད། 

ཚལ་སྣེ་ཤང་ཏང་ཨུའི་ཧྲུའུ་ཅི་བཀྲ་ཤིས་ཀྱིས“གྲོང་ཚོ་ཚང་མར་འཕེལ་རྒྱས་ཀྱི་ཁ་ཕྱོགས་རེ་ཡོད་ཅིང་། ཤེལ་གྲོང་གྲོང་ཚོ་ཡིས་ལྷ་གཞིས་ལྕགས་ལམ་དང་ལྷ་ཉིང་ལྕགས་ལམ་སྣོལ་ཡུལ་དུ་གནས་པའི་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ། ཟོག་འགྲེམས་གྲོང་ཚོ་དང་གྲོང་རྡལ་དུ་འཕེལ་རྒྱས་གཏོང་རྒྱུ་ཡིན་ལ། ཚལ་སྣེ་གྲོང་ཚོ་དང་དུས་བཞིའི་བཀྲ་ཤིས་གྲོང་ཚོ་ནི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཚོ་ཡིན་པས། དེའི་ཁ་ཕྱོགས་སུ་དར་རྒྱས་གཏོང་རྒྱུ་ཡིན།  བོད་སྡེ་གྲོང་ཚོ་དང་གླིང་སྡེ་གྲོང་ཚོ་གསར་པ་ནི་དེང་རབས་ཅན་གྱི་ཞིང་ལས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་རེད”ཅེས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།