པར་འདི་ནི་རྣམ་གྲངས་འཛུགས་སྐྲུན་བྱེད་བཞིན་པའི་ཡུལ་དངོས་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱིས་འབྲེལ་ཡོད་ལས་ཁུངས་སྒྲིག་འཛུགས་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་སེ་མ་གྲོང་ཚོའི་སྤྱིལ་ཁྱིམ་ཁུལ་བསྒྱུར་བཀོད་ལས་གཞི་དང་གཞིས་ཀ་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སེ་མ་དང་དགྲ་འདུལ་གྲོང་ཚོའི་གཞིས་ཁུལ་རྙིང་པའི་བསྒྱུར་བཀོད་རྣམ་གྲངས་བཅས་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱས། རྣམ་གྲངས་གཉིས་ལས་མཇུག་འགྲིལ་བའི་ཚད་གཞིར་སླེབས་ནས་མི་འགྱངས་བར་བེད་སྤྱོད་བྱ་རྒྱུ་རེད།
རྒྱུས་ལོན་པ་ལྟར་ན། 2014ལོར་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་རྒྱ་མཚོ་གཞུང་ཤང་སེ་མ་དང་དགྲ་འདུལ་གྲོང་ཚོ་གཉིས་ཀྱི་གནས་སྤོས་དུད་ཚང་གི་བདེ་སྡོད་ལས་གཞིའི་རྣམ་གྲངས་ལག་བསྟར་བྱེད་མགོ་ཚུགས་མོད། འོན་ཀྱང་མ་དངུལ་མི་འདང་བའི་དབང་གིས་གྲོང་ཚོ་གཉིས་ཀྱི་ལེ་ལག་ཚང་བའི་སྒྲིག་ཆས་ཡུན་རིང་ཆད་ལྷག་ཤོར་བ་དང་། ཁོར་ཡུག་འཕྲོད་བསྟེན་བཙོག་ཟིང་ཞན་གསུམ་གྱི་རྣམ་པ་དེས། གྲོང་ཚོ་གཉིས་ཀྱི་མང་ཚོགས་ཀྱི་གཞི་རྩའི་ཐོན་སྐྱེད་དང་འཚོ་བར་ཡུན་རིང་དཀའ་ངལ་བཟོས་ཡོད།
པར་འདི་ནི་བསྒྱུར་བཀོད་བྱས་རྗེས་ཀྱི་གཙང་ཞིང་གྲལ་འགྲིག་པའི་སྲང་ལམ་གྱི་རྣམ་པ་རེད།
གྲོང་ཚོ་གཉིས་ཀྱི་རྨང་གཞིའི་སྒྲིག་བཀོད་དོན་འཁྱོལ་གྱི་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་དང་། གཞིས་ཀ་རྩེ་གྲོང་ཁྱེར་ཡོངས་ཀྱི་གཞིས་ཁུལ་རྙིང་པ་དང་སྤྱིལ་ཁྱིམ་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ། གྲོང་མིའི་འཚོ་བའི་ཁོར་ཡུག་ནུས་ལྡན་སྒོས་ཇེ་ལེགས་སུ་གཏོང་བ་བཅས་བྱ་ཆེད། བོད་ལྗོངས་གཞིས་ཀ་རྩེ་གྲོོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་སྒོར་ཁྲི1775.24བརྩོན་ལེན་བྱས་ཏེ། སེ་མ་གྲོང་ཚོའི་སྤྱིལ་ཁྱིམ་ཁུལ་སྒྱུར་བཀོད་ལས་གཞི་དང་གཞིས་ཀ་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སེ་མ་དང་དགྲ་འདུལ་གྲོང་ཚོའི་གཞིས་ཁུལ་རྙིང་པ་བསྒྱུར་བཀོད་རྣམ་གྲངས་ལག་བསྟར་བྱས་པ་རེད།
འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། རྣམ་གྲངས་གཉིས་ཀྱིས་གཞིས་ཁུལ་གྱི་སྲང་ལམ་དང་མི་བགྲོད་ལམ། རླངས་འཁོར་འཇོག་ས། གྲོང་ཁྱེར་གྱི་མདོང་ལམ་སོགས་བསྒྱུར་བཀོད་རིམ་སྤོར་བྱས་ནས། གྲོང་ཚོ་གཉིས་ཀྱི་མང་ཚོགས་ལ་མི་འཚོ་སྡོད་དང་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ལེགས་པོ་ཞིག་བཏོད་དེ། གཞི་རིམ་མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེ་བའི་གནད་དོན་རྦད་དེ་མེད་པ་བཟོས་པ་རེད། རྣམ་གྲངས་གཉིས་རྒྱལ་ཁའི་ངང་ལག་བསྟར་བྱས་པ་དེས་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་སྔར་བས་ཆེ་རུ་ཕྱིན་ནས། མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
གཞིས་ཀ་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱིས་མ་དངུལ་སྒོར་ཁྲི1775.24བཏང་ནས་མང་ཚོགས་ཀྱི་སེམས་ཁྲལ་དང་རེ་སྒུག་བྱེད་པའི་གནད་དོན་ཐག་གཅོད་བྱས་པ།