དབང་ཧའེ་ཀྲོའུ་ནག་ཆུ་གྲོང་ཁྱེར་དུ་ཕེབས་ནས་སེར་གླིང་མཚོའི་མཚོ་དཔོན་ལམ་ལུགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། དྲིལ་བསྒྲགས་པུའི་པུའུ་ཀྲང་། སེར་གླིང་མཚོའི་མཚོ་དཔོན་དབང་ཧའེ་ཀྲོའུ་ནག་ཆུ་གྲོང་ཁྱེར་དུ་ཕེབས་ནས། སེར་གླིང་མཚོའི་མཚོ་དཔོན་ལམ་ལུགས་ཀྱི་ལས་དོན་སྤེལ་ཚུལ་དང་ནག་ཆུ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱི་བློ་མཐུན་བཅས་དང་བཞུགས་མོལ་སྤེལ་རེས་གནང་བ་མ་ཟད། གྲོང་ཁྱེར་ཡོངས་ཀྱི་དྲིལ་བསྒྲགས་དང་། བསམ་བློ། རིག་གནས་བཅས་ཀྱི་ལས་དོན་ལ་བརྟག་ཞིབ་ཀྱང་གནང་བ་རེད།

ནག་ཆུ་གྲོང་ཁྱེར་གྱི་འབྲེལ་ཡོད་སེར་གླིང་མཚོའི་མཚོ་དཔོན་ལམ་ལུགས་ཀྱི་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་རྗེས། དབང་ཧའེ་ཀྲོའུ་ཡིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས། སེར་གླིང་མཚོ་ཚུད་པའི་ནག་ཆུའི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པ་ནི་བྱས་རྗེས་དེང་འདིར་བཞག་པ་དང་ཕན་འབྲས་སྐལ་བརྒྱར་ཐོན་པའི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཚེ་སྲོག་ལ་གཅེས་པ་བཞིན་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྤྲས་བྱེད་དགོས་ཞེས་གསུངས་པ་རེད། ཁོང་གིས་ལྗོངས་ཏང་ཨུད་ཀྱིས་བཏོན་པའི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཧུར་ཐག་སྐྲུན་པ་གོ་སྐབས་སུ་བྱེད་པ་དང་། གཙང་པོ་དང་མཚོ་དཔོན་ལམ་ལུགས་ཀྱི་འགན་འཁྲི་དོན་འཁྱོལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། སྤྱི་ཡོངས་དང་ས་ཁོངས་ཀྱི་འབྲེལ་བར་སྤྱི་འདོམས་ཡག་པོ་བཅས་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་མགྱོགས་སུ་གཏོང་དགོས། སྲུང་སྐྱོང་ཨང་དང་པོ་དང་ཚན་རིག་དང་མཐུན་པའི་ལུགས་མཐུན་གསར་སྤེལ་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་རང་བྱུང་སྲུང་སྐྱོང་ཁུལ་གྱི་འབྲེལ་ཡོད་གཏན་འབེབས་དང་མཐུན་པའི་སྔོན་འགྲོའི་ཆ་རྐྱེན་འོག སེར་གླིང་མཚོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་འཆར་འགོད་ཚན་རིག་དང་མཐུན་པར་རིགས་པས་ཁུངས་སྐྱེལ་དང་ཞིབ་ཕྲ་དང་ཏན་ཏིག་བཟོས་ནས། སྐྱེ་ཁམས་ཡུལ་སྐོར་གྱི་ཐོན་ལས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པར་སྐུལ་འདེད་གཏོང་དགོས། རང་བྱུང་སྲུང་སྐྱོང་ཁུལ་དང་ལྷག་དོན་དུ་ཆ་རྐྱེན་ཞན་པའི་ས་བབ་མཐོ་བའི་ས་ཁུལ་གྱི་མང་ཚོགས་གནས་སྤོའི་ལས་དོན་ཡག་པོ་ཏན་ཏིག་སྒྲུབ་པ་དང་། ཁྲིད་སྟོན་ཧུར་ཐག་དང་ངང་རིང་གིས་གོ་སྐོན་བྱེད་པ། ལག་ལེན་བསྟར་ཆོག་པའི་གནས་སྤོའི་བྱེད་ཐབས་དང་འཆར་འགོད་དང་ཇུས་གཞི་བཟོ་བ་བཅས་བྱས་ནས། འབྲོག་པ་མང་ཚོགས་དེང་རབས་ཅན་གྱི་འབྲོག་ལས་འཕེལ་རྒྱས་ཀྱི་ལམ་དུ་སྐྱོད་པར་ཁྲིད་སྟོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

གྲོང་ཨུད་དྲིལ་བསྒྲགས་པུའུ་རུ་བརྟག་ཞིབ་གནང་སྐབས། དབང་ཧའེ་ཀྲོའུ་ཡིས་སྡེ་ཚན་ཁག་གི་ལས་བྱེད་པ་དང་ལས་བཟོ་དང་བྱམས་བརྩེའི་སྤེལ་རེས་གནང་ནས་ཚང་མར་འཚམས་འདྲི་གནང་བ་མ་ཟད། ལས་དོན་སྤེལ་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། དྲིལ་བསྒྲགས་ལས་དོན་གྱི་ལེགས་ཆ་འདོན་པ། “སློབ་སྦྱོང་རྒྱལ་ཁབ་སྟོབས་ཆེན”གྱི་སློབ་སྦྱོང་གི་ལས་སྟེགས་དང་། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་ལྟེ་གནས(སུའོ་དང་ས་ཚིགས) རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་གྱི་ལྟེ་གནས་བཅས་ཡག་པོ་བསྐྲུན་པ་དང་ཡག་པོ་སྤྱོད་པ། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལ་དུས་རབས་ཀྱི་ནང་དོན་གསར་པ་སྣོན་པ། མང་ཚོགས་ཀྱི་གོ་བདེ་ལ་ཤེས་སླ་བའི་སྐད་ཡིག་དང་རོལ་རྩེད་ཀྱི་ཞོར་ལ་སློབ་གསོ་ཐེབས་པའི་བྱེད་སྟངས་བརྒྱུད་ལས་དོན་མང་ཚོགས་ཀྱི་སེམས་ལ་ཟུག་པར་བྱས་ཏེ། དྲིལ་བསྒྲགས་བསམ་བློའི་ལས་དོན་ལ་དེ་བས་ཡིད་དབང་འཕྲོག་ཤུགས་དང་བློ་སེམས་འགུགས་ཤུགས་ལྡན་པར་བྱས་ནས། མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། མང་ཚོགས་ལ་སློབ་གསོ་རྒྱག་པ། མང་ཚོགས་ལ་དྲིལ་བསྒྲགས། མང་ཚོགས་སྐུལ་སློང་བཅས་ཀྱི“མཐའ་མའི་འགག་གནད”དངོས་འབྲེལ་སེལ་ཐུབ་པར་བྱེད་དགོས་ཞེས་ནན་བཤད་གནང་བ་དང་། དེ་དང་ཆབས་ཅིག་ཁོང་གིས་ད་དུང་དུས་རབས་གསར་པའི་འདུ་ཤེས་འཛིན་སྟངས་དང་། རིགས་པའི་གཞུང་ལུགས་ཀྱི་དྲིལ་བསྒྲགས་སློབ་གསོ། རིག་གནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་བླང་བྱ་ཁ་གསལ་བཏོན་གནང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།