བོད་ལྗོངས་ཀྱི་རོང་འབྲོག་པ་ཁྲི200ལྷག་གི་འཐུང་ཆུའི་གནད་དོན་ཐག་བཅད་པ།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་ནས་ཤེས་གསལ་ལྟར་ན། བོད་ལྗོངས་ཞི་བའི་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་པའི་རིང་། ཏང་དང་སྲིད་གཞུང་གིས་བོད་ལྗོངས་ཀྱི་རོང་འབྲོག་པའི་འཐུང་ཆུའི་གནད་དོན་ཐག་གཅོད་བྱ་ཆེད། སྔ་རྗེས་སུ་གཅིག་སྡུད་ཆུ་མཁོ་འདོན་གྱི་ལས་གཞི་རབ་དང་རིམ་པ་ལག་བསྟར་བྱས། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བོད་ལྗོངས་ཀྱིས་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཚད་མཐའི་ལས་འགན་དང་ལས་འགན་འགངས་ཆེན་དུ་བརྩིས་ཡོད། མིག་སྔའི་བར། བོད་ལྗོངས་རོང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་གནད་དོན་སྤྱིར་ན་ཐག་གཅོད་ཐུབ་སྟེ། རོང་འབྲོག་མང་ཚོགས་ཁྲི200ལྷག་ལ་ཕན་ཐོགས་ཡོད།

བོད་ལྗོངས་ཀྱི་ཆུའི་ཐོན་ཁུངས་དང་ཆུ་ནུས་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡིན་པ་དང་། མངའ་ཁོངས་སུ་མཚོ་དང་མཚེའུ་། གཙང་པོ་བཅས་བགྲང་ལས་འདས་པ་ཡོད་པས“ཨེ་ཤ་ཡའི་ཆུ་ལྕོག”ཅེས་བརྗོད་ཀྱིན་ཡོད།

2.jpg

པར་འདི་ནི་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་དྭངས་ཆུང་མཚོའི་འགྲམ་རྒྱུད་ཀྱི་ཞིང་ས་རེད།

ད་ལྟ་བོད་ལྗོངས་ཀྱི་རོང་འབྲོག་ཁུལ་མང་ཆེ་བར་རང་འབབ་ཆུ་ཤར་གཏོང་ཐུབ་པས་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་འགན་ལེན་བྱུང་བ་མ་ཟད། ཞིང་སྡེའི་ངལ་རྩོལ་ནུས་ཤུགས་སྔར་བས་བཅིངས་འགྲོལ་ཐོབ་ནས། རོང་འབྲོག་མང་ཚོགས་རྣམས་གྲོང་གསེབ་དར་སྤེལ་དང་ཕྱུག་འགྱུར་གྱི་ལས་དོན་ནང་ཞུགས་ཐུབ་ཡོད།

བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་འཁོར་ཆགས་གྲོང་ཚོའི་གྲོང་མི་ལྷགས་པས་ཁྱིམ་ཚང་མགྲོན་ཁང་གཉེར་ནས་ལོ13འགོར་ཡོད། ཁོང་གིས་སྔོན་ཆད་གྲོང་ཚོའི་ཆ་རྐྱེན་ཞན་པའི་དབང་གིས་ཡུལ་སྐོར་བ་མང་ཤོས་ཉིན་གཅིག་བསྡད་རྗེས་རྫོང་གྲོང་དུ་སོང་ནས་ཞག་སྡོད་བྱེད་བཞིན་ཡོད། གཞེས་ནིང་ལོར་ཁང་པ་གསར་བསྐྲུན་བྱས་པ་དང་རང་འབབ་ཆུ་དྲངས་པས་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅེས་གསར་འགོད་པར་བཤད་བྱུང་།

3.jpg

པར་འདི་ནི་བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་འཁོར་ཆགས་གྲོང་ཚོར་ཐུར་ལྟ་བྱས་པའི་རྣམ་པ་རེད། 

རང་འབབ་ཆུ་ཤར་གཏོང་ཐུབ་རྗེས། བོད་ལྗོངས་རོང་འབྲོག་ཁུལ་གྱི་མང་ཚོགས་མི་ཉུང་བ་ཞིག་གིས་གོས་འཁྲུད་འཕྲུལ་ཆས་དང་ཉི་ནུས་ཆུ་ཚན་འཕྲུལ་ཆས་སོགས་ཁྱིམ་སྤྱོད་གློག་ཆས་ཉོ་སྒྲུབ་བྱས་པས། འཚོ་བའི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་མ་ཟད། བདེ་ཐང་དང་འཕྲོད་བསྟེན་གྱི་འདུ་ཤེས་ཀྱང་གཏིང་ཟབ་ཏུ་ཕྱིན་ཡོད། ས་ཆ་ཁག་གཅིག་ཏུ་ཆུ་མཁོ་སྤྲོད་དང་ཆུ་འབུད་གཞི་གཅིག་ཅན་མངོན་འགྱུར་བྱུང་ནས། ཞིང་སྡེའི་མི་སྡོད་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ་དང་མཛེས་ཤིང་འཚོ་མལ་ལ་འཚམ་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད།

4.jpg

པར་འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྲིན་པོ་རིའི་ས་བབ་མཐོ་བའི་སྐྱེ་ཁམས་གནས་སྤོས་བཀོད་སྒྲིག་བྱ་ཡུལ་དུ་གྲོང་མི་ཚེ་རིང་སྒྲོལ་དཀར་གྱིས་ཁྱིམ་དུ་རང་འབབ་ཆུ་སྤྱོད་བཞིན་པའི་ཚུལ་རེད།

གཞི་གྲངས་ལས་མངོན་པ་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར43.24བཏང་སྟེ། ཞིང་སྡེའི་འཐུང་ཆུའི་བདེ་འཇགས་ལས་གཞི17581སྒྱུར་བཀོད་རིམ་སྤོར་བྱས་ཡོད། བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་ཐིང་ཀྲང་སུན་ཞན་ཀྲུང་གིས་བོད་ལྗོངས་ཀྱིས་གཞི་ཁྱོན་ཅན་གྱི་གཅིག་སྡུད་ཆུ་མཁོ་འདོན་ལས་གཞི་ལག་བསྟར་བྱས་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་མཁོ་འདོན་མདོང་ལམ་མཐའ་འཁོར་གྱི་ཞིང་སྡེར་སྣུར་སྲིང་བྱས་ཏེ། མང་ཚོགས་སྔར་བས་མང་བོས་བདེ་འཇགས་དང་། བློ་བདེ། དྭངས་གཙང་བཅས་ཀྱི་ཆུ་འཐུང་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།