“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་མངའ་རིས་ས་ཁུལ་དུ་བསྡོམས་པས་དབུལ་པོ23293ཇེ་ཉུང་དུ་ཕྱིན་པ།

W020211201344532146371.jpg

པར་འདི་ནི་བོད་ལྗོངས་མངའ་རིས་ས་ཁུལ་གྱི་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། བོད་ལྗོངས་མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ད་ལོར་གྲོང་གསེབ་དར་སྤེལ་སོགས་ཀྱི་ལས་དོན་སྤེལ་བའི་གནས་ཚུལ་ངོ་སྤྲོད་བྱས་པ་རེད། གསར་འགོད་པས་ཤེས་གསལ་ལྟར་ན། ད་ལོ་ནས་བཟུང་མངའ་རིས་ས་ཁུལ་གྱིས“ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་འཚོ་སྡོད་ལ་འཚམ་པ། ཡུལ་སྲོལ་དཔལ་ཡོན། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག”བཅས་ཀྱི་སྤྱིའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་གཏོང་བ་དང་ཞིང་པའི་གནས་བབ་མཐའ་འཁྱོངས་བྱས་ནས་བཅོས་སྒྱུར་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་། ཐོན་ཁུངས་བཀོད་སྒྲིག་གི་ནུས་ལྡན་རང་བཞིན་ཆེ་རུ་བཏང་ནས། མངའ་རིས་ས་ཁུལ་གྱི་འཕེལ་རྒྱས་དུས་མཚམས་གསར་པའི“ཞིང་གསུམ”ལས་དོན་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པ”ནས་བཟུང་མངའ་རིས་ས་ཁུལ་དུ་བསྡོམས་པས་དབུལ་ཕོངས་དུད་ཚང6124དང་མི་གྲངས23293ཇེ་ཉུང་དུ་ཕྱིན་པ་དང་། རྫོང7ཚང་མའི་དབུལ་ཞྭ་ཕུད་ལ། དབུལ་ཕོངས་གྲོང་ཚོ139ཚང་མ་དབུལ་ཐར་བྱུང་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར43988ཟིན་པ་དང་། དེ2015ལོའི་ལྡབ1.6ཟིན་ནས་ལོ་རེར་ཆ་སྙོམས9.9%འཕར་ཡོད། ཞིང་སྡེའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར13892ཟིན་ནས2015ལོའི་ལྡབ1.7ཡིན་པ་དང་། ལོ་རེར་ཆ་སྙོམས12.4%འཕར་ཡོད། ཉེ་བའི་ལོ་གསུམ་རིང་མཐོ་སློབ་མཐར་ཕྱིན་སློབ་མ1846ལས་ཞུགས་ཐུབ་ཡོད།

དེ་དང་ཆབས་ཅིག“ལྷ་སས་མཐོ་རིམ་སློབ་འབྲིང་དང་ས་ཁུལ་ནས་དམའ་རིམ་སློབ་འབྲིང་གཉེར་བའི”ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་པའི་འཐབ་ཇུས་ལག་བསྟར་བྱས་ཏེ། མཐོ་རིམ་སློབ་འབྲིང་གི་སློབ་མ་སློབ་ཞུགས་བྱེད་ཚད་དེ2015ལོའི56.97%ནས2020ལོའི91.93%བར་མཐོ་རུ་ཕྱིན་པ་དང་། དམའ་རིམ་སློབ་འབྲིང་གི་སློབ་མ་སློབ་གྲྭར་ཞུགས་ཚད2015ལོའི102.02%ནས2020ལོའི111.81%བར་མཐོ་རུ་ཕྱིན་ཞིང་། འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད85.7%ཟིན་ལ། “100%ཅན་ལྔ”ཡི་དམིགས་ཚད་ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་ཡོད། “1+7”རིམ་པའི་སྨན་ཁང་གསར་སྐྲུན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བ་དང་། “སྐོར་གཅིག་གསུམ”གྱི་སྐྱོབ་བཅོས་བྱེད་ཚད100%ཟིན་ལ། རིམས་འགོག་སྨན་ཁབ་རྒྱག་ཚད99.83%ཟིན་པ་དང་། སྦྲུམ་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་ཚད95.06%ཟིན་ཡོད། ཐུམ་འབུའི་ནད་ཕོག་མཁན་ལ་སྨན་བཅོས་བྱེད་དགོས་རིགས་ཚང་མ་སྐྱོབ་བཅོས་བྱས་ཤིང་། འགན་བཅོལ་རིགས་ཁག་ནང་ཞུགས་ཚད་མི་ཐེངས་ཁྲི21.8ཟིན་པ་དང་། འགན་ལེན་ལྔའི་རྒན་རྒོན་གཅིག་སྡུད་བསྙེན་བཀུར་བྱེད་འདོད་ཡོད་ཚད་དང་དྭ་ཕྲུག་གཉོར་སྐྱོང་བྱེད་ཚད100%ཟིན་ཡོད།

རྗེས་མར། བོད་ལྗོངས་མངའ་རིས་ས་ཁུལ་གྱིས་དབུལ་ཐར་འགག་སྒྲོལ་གྱི་སྙིང་སྟོབས་མུ་མཐུད་དུ་དར་སྤེལ་བཏང་སྟེ། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུ། ས་ཁུལ་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། མགོ་བརྩམས་མ་ཐག་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། མགོ་བཙུགས་མ་ཐག་གདོང་ལེན་བྱེད་པའི་རྣམ་འགྱུར་ཐོག ཞན་ཆ་ཁ་གསབ་དང་ལེགས་ཆ་དར་སྤེལ་གཏོང་བ། ཚན་རིག་དང་མཐུན་པའི་རིགས་དབྱེ་དང་གནད་འཁེལ་ཇུས་བསྟར་གྱི་བླང་བྱ་ལྟར། གྲོང་གསེབ་དར་སྤེལ་གྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་བྱས་རྗེས་གསར་པ་འཇོག་པ་དང་ལེགས་སྐྱེས་གསར་པ་འབུལ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།