བོད་ལྗོངས་ཁེ་ལས་ཀྱིས་རོང་འབྲོག་པའི་ལས་ཞུགས་སྤོ་སྒྱུར་ལ་རོགས་རམ་བྱས་པ།

W020211201320151101592.jpg

པར་འདི་ནི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་གི་གནས་སྤོར་བཀོད་སྒྲིག་བྱ་ཡུལ་ནས་ཡོང་བའི་མང་ཚོགས་ཀྱིས་གནམ་གྲུ་ཐང་དུ་གད་བདར་ཀྱི་ལས་དོན་གཉེར་བཞིན་པའི་ཚུལ་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། པི་ཀུའེ་ཡོན་འཚོ་བའི་ཞབས་ཞུ་ཚོགས་པ་མ་རྐང་ཚད་ཡོད་ཀུང་སི་ཡི་ལྷ་སའི་གྲོང་ཤར་ཡན་ལག་ཀུང་སིར“སྤྱི་ཚོགས་ཀྱི་འགན་འཁྲི་བསྒྲུབས་ཏེ་གནས་སྤོར་ལས་ཞུགས་ལ་རོགས་རམ་བྱེད་པ”“དམངས་ལ་རོགས་སྐྱོར་དང་རོགས་རམ་བྱས་ནས་ལས་ཞུགས་ཐག་གཅོད་བྱེད་པ་དང་། ཁྱིམ་ཚང་གཅིག་ལྟར་བརྩེ་བའི་ཐུགས་ཁུར་གནང་བཞིན་ཡོད”ཅེས་བཀོད་པའི་ཚོན་མདོག་གཉིས་ལྡན་གྱི་གོས་དར་ཞིག་འབྱོར་ཡོད།

ད་ལོའི་ཟླ6པར། ལྷ་ས་གོང་དཀར་གནམ་གྲུ་ཐང་གིT3མཁའ་འགྲུལ་ས་ཚིགས་ཐོག་ཁང་གི་གྲ་སྒྲིག་ལས་གཉེར་བྱེད་མགོ་བརྩམས་པའི་སྐབས་སུ། སྡེ་ལས་ཀྱི་ལས་དོན་མི་སྣ་འབོར་ཆེན་གྱི་དགོས་མཁོ་ཡོད། དེ་དུས་མཉམ་ལས་ཚན་པ་ཡིན་པའི་པི་ཀུའེ་ཡོན་འཚོ་བའི་ཞབས་ཞུ་ཚོགས་པ་མ་རྐང་ཚད་ཡོད་ཀུང་སི་ཡི་ལྷ་སའི་གྲོང་ཤར་ཡན་ལག་ཀུང་སིས་ལས་ཞུགས་རོགས་སྐྱོར་ལས་དོན་སྤེལ་མགོ་ཚུགས་ཏེ། ནག་ཆུ་གྲོང་ཁྱེར་གྱི་ཨ་མདོ་རྫོང་དང་ཉི་མ་རྫོང་། མཚོ་གཉིས་རྫོང་། ལྷོ་ཁ་གྲོང་ཁྱེར་སོགས་ས་ཁུལ་མང་པོར་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོར་མི་སྣ་ཆེད་དམིགས་བསྡུ་ལེན་བྱས། དེའི་ནང་ཨ་མདོ་རྫོང་གི་སྐོར་གཉིས་པའི་གནས་སྤོར་བཀོད་སྒྲིག་མང་ཚོགས་ནང་སྲིན་པོ་རིའི་བཀོད་སྒྲིག་བྱ་ཡུལ་ཁོ་ནར་མི89བསྡུས་ཡོད།

བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་སྲིད་གཞུང་དང་ཉི་མ་རྫོང་རོང་དམར་ཤང་སྲིད་གཞུང་གིས་གོས་དར་གཉིས་བསྐྱལ་ཡོང་ཡོད་ལ། དེ་ལས་གཅིག་ནས་ཁེ་ལས་དེས་གནས་སྤོར་བྱ་ཡུལ་གྱི་མང་ཚོགས་ལ་ལས་ཞུགས་སྤོ་སྒྱུར་བྱེད་རོགས་བྱས་པར་ཐུགས་རྗེ་ཆེ་ཞུས་ཡོད་པ་དང་། གཉིས་ནས་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་སྔར་བས་འཁུར་རྒྱུར་སྐུལ་ལྕག་བཏང་ཡོད།

“གོས་དར་འབྱོར་རྗེས་སེམས་པ་ཧ་ཅང་དྲོན་པོ་ཡིན་པ་དང་ཆབས་ཅིག་ཏུ། ཕྲག་ཐོག་གི་འགན་འཁྲི་ལྕི་མོ་དེའང་ཚོར་ཐུབ་བྱུང”ཅེས་ནུབ་བྱང་ཁུལ་གྱི་པི་ཀུའེ་ཡོན་འཚོ་བའི་ཞབས་ཞུ་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིའི་མཐོ་རིམ་ཅིང་ལི་ཚའོ་ཅ་ཡིས་བཤད།

“ཚང་མ་བདེ་བླག་ངང་ལས་ཞུགས་སྤོ་སྒྱུར་ཐུབ་ནས་བྱ་བའི་ཁོར་ཡུག་གསར་པར་འཚམ་པ་བྱ་ཆེད། ང་ཚོས་ཆེད་ལས་གསོ་སྦྱོང་རབ་དང་རིམ་པ་བཀོད་སྒྲིག་བྱས་ཤིང་། དེའི་ནང་ལས་སྒོའི་བརྒྱུད་རིམ་གྱི་སྦྱོང་བརྡར་དང་སྒྲིག་ཆས་བཀོལ་སྤྱོད་སོགས་ཚུད་ཡོད་ལ། ཚང་མར་ལས་གནས་ཀྱི་རྩལ་ནུས་མགྱོགས་མྱུར་ཁོང་དུ་ཆུད་པ་བྱས་ཡོད”ཅེས་ཚའོ་ཅ་ཡིས་ངོ་སྤྲོད་བྱས། རྩལ་ནུས་གསོ་སྦྱོང་བྱས་པ་བརྒྱུདT3མཁའ་འགྲུལ་ས་ཚིགས་ཐོག་ཁང་དངོས་སུ་སྤྱོད་མགོ་ཚུགས་རྗེས། ལས་ཞུགས་སྤོ་སྒྱུར་གྱི་མང་ཚོགས་ཚང་མ་བདེ་བླག་ངང་ལས་གནས་སུ་ཞུགས་པ་དང་། སྡེ་ལས་ཞབས་ཞུའི་ལས་དོན་ལ་གདེང་འཇོག་ལེགས་པོ་ཐོབ་པ་རེད།

གཞན་ཡང་། གནས་སྤོས་མང་ཚོགས་སྔར་བས་ལེགས་པའི་སྒོ་ནས་ཁེ་ལས་ནང་མཉམ་འདྲེས་ཐུབ་པར་བྱ་ཆེད། དུས་ཆེན་དང་ངལ་གསོའི་ཉིན་མོར་ཁེ་ལས་དེས་ད་དུང་ཆེད་དམིགས་མཉམ་སྤྲོའི་བྱ་འགུལ་སྣ་ཚོགས་སྒྲིག་འཛུགས་བྱས་ཏེ། ལས་བཟོ་བའི་ཁྱིམ་མིར་འཚམས་འདྲི་དང་ཐུགས་ཁུར་བྱས་ནས་ཁེ་ལས་ནང་ལས་ཞུགས་ཐུབ་པའི་ལས་བཟོ་བའི་ཁོངས་གཏོགས་ཀྱི་སེམས་ཁམས་ཇེ་དྲག་ཏུ་བཏང་། 

ལས་ཀར་བརྩོན་ན་གཞི་ནས་བདེ་སྡོད་ཐུབ་ཅིང་། ལས་ཞུགས་ལ་སྐུལ་སྤེལ་གཏོང་རྒྱུ་ནི་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲིའི་གྲས་ཤིག་ཡིན། པི་ཀུའེ་ཡོན་འཚོ་བའི་ཞབས་ཞུ་ཚོགས་པ་མ་རྐང་ཚད་ཡོད་ཀུང་སི་ཡི་ལྷ་སའི་གྲོང་ཤར་ཡན་ལག་ཀུང་སིས་ས་གནས་སྲིད་གཞུང་ལ་མུ་མཐུད་གཞོགས་འདེགས་བྱས་ནས། རང་ནུས་ཅི་ལྕོག་གིས་ལས་ཞུགས་ལས་གནས་མཁོ་འདོན་བྱས་ཏེ་གནས་སྤོས་མང་ཚོགས་ལས་ཞུགས་བརྟན་པོ་ཐུབ་པ་དང་། མང་ཚོགས་སྔར་བས་མང་བོ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱས་ནས། ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།