བོད་ལྗོངས་ཀྱི་མཚེའུ་གཉིས་རྫོང་དུ་ཚད་རིམ5.8ཅན་གྱི ་ས་ཡོམ་བྱུང་བ་དང་གནས་སྐབས་སུ་མི་སྣ་ཤི་རྨས་ཀྱི་སྙན་ཞུ་འབྱོར་མེད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་ས་ཡོམ་ལས་ཁུངས་ཀྱི་དྲ་བས་དངོས་སུ་ཚད་ལེན་བྱས་པ་ལྟར་ན། ཟླ11པའི་ཚེས30ཉིན་གྱི་ཆུ་ཚོད21དང་སྐར་མ53ཡི་སྟེང་བོད་ལྗོངས་ནག་ཆུ་གྲོང་ཁྱེར་མཚེའུ་གཉིས་རྫོང(འཕྲེད་ཐིག་བྱང་མ་ཏུའུ31.76དང་ཤར་གྱི་གཞུང་ཐིག་ཏུའུ87.94)དུ་ཚད་རིམ5.8ཅན་གྱི་ས་ཡོམ་བྱུང་བ་དང་ཡོམ་གནས་ཀྱི་གཏིང་ཚད་ལ་སྟོང་སྨི10ཡོད། 

གསར་འགོད་པས་མཚེའུ་གཉིས་རྫོང་གི་འབྲེལ་ཡོད་སྡེ་ཁག་ཏུ་གནས་ཚུལ་ཞིབ་དཔྱད་བྱས་ཏེ། མཚེའུ་གཉིས་རྫོང་ཏང་ཨུའི་དྲིལ་སྒྲིག་པུའུ་ཡི་པུའུ་ཀྲང་ཀྲོའུ་ཧྲི་ཧྥུ་ཡིས་གསར་འགོད་པར་རྫོང་གྲོང་གནས་ཡུལ་དུ་ཡོམ་ཚོར་མངོན་གསལ་མེད་པ་དང་། ཡོམ་ལྟེ་དང་ཐག་ཉེ་བའི་མཚེའུ་གཉིས་རྫོང་མཚོ་ལྟེབ་ལྷོ་མ་གྲོང་རྡལ་ནས་རྫོང་གྲོང་དང་བར་ཐག་སྤྱི་ལེ180ཡོད་ལ། གནས་ཚུལ་སྤེལ་བར་གཞིགས་ན་ཡོམ་ཚོར་ཡོད་པ་དང་། དེ་དང་ཉེ་འགྲམ་གྱི་ཞི་བདེ་ཤང་གི་གྲོང་ཚོ་སྐོར་ཞིག་ལའང་ཡོམ་ཚོར་ཡོད་ཅེས་བཤད། མིག་སྔར་མཚེའུ་གཉིས་རྫོང་གིས་རྫོང་རིམ་པའི་ལས་བྱེད་པས་སྣེ་ཁྲིད་པའི་ལས་དོན་ཚོགས་ཆུང2ཡོམ་ལྟེ་རུ་མངག་པ་དང་འབྲེལ་གྲོང་ཚོ་སྐོར་ཞིག་གི་གནས་ཚུལ་ལ་ཞིབ་བཤེར་བྱེད་དགོས་པའི་བརྡ་ཐོ་བཏང་། ཚེས30ཉིན་གྱི་དགོང་མོའི་ཆུ་ཚོད11བར་མི་སྣ་ཤི་རྨས་དང་ཁང་པ་རྡིབ་པའི་སྙན་ཞུ་འབྱོར་མེད་པ་དང་འབྲེལ་ཡོད་གནས་ཚུལ་ལ་མུ་མཐུད་ཞིབ་དཔྱད་བྱེད་བཞིན་པའི་སྒང་ཡིན། 

མཚེའུ་གཉིས་རྫོང་ནི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་ས་ཁོངས་སུ་གནས་པ་དང་ཆ་སྙོམས་ས་བབ་སྨི5000ཡན་ཟིན་ཞིང་། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི12ཙམ་ཡོད། མི་འབོར་ཁྲི1.4ལྷག་ལས་མེད་པས། ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་། བྱང་རྒྱུད་ཀྱི་ས་ཁོངས་མང་ཆེ་བ་མི་མེད་ཁུལ་ཡིན་པ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།