ལྷ་སས་ཡུལ་སྐོར་ཁྱབ་ཁོངས་ཀྱི་ཟང་ཟིང་སྣང་ཚུལ་བཅོས་སྒྲིག་བྱས་ཏེ་གྲོང་ཁྱེར་གྱི་རྣམ་པ་ཇེ་ལེགས་སུ་བཏང་བ།

9ca14355-976c-415e-b6d9-823462b99888.jpg

འདི་ནི་ཁྲིམས་འཛིན་མི་སྣས་འདེད་ཚོང་བར་ཁ་ཏ་སློབ་སྟོན་བྱེད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རེས་སྐོར་གསར་པའི“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”སྲིད་ཇུས་བཏོན་པ་དང་བསྟུན་ནས་ཡུལ་སྐོར་བ་མི་ཉུང་བ་ཞིག་ཕོ་བྲང་པོ་ཏ་ལར་ལྟ་སྐོར་དུ་ཡོང་གི་ཡོད། ད་ཆ་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བས་ཕོ་བྲང་པོ་ཏ་ལ་དང་དེའི་ཉེ་འཁོར་གྱི་ཡུལ་སྐོར་མཛེས་ལྗོངས་ལ་ལྟ་སྐོར་བྱེད་སྐབས་ཁོར་ཡུག་ཇེ་ལེགས་སུ་འགྲོ་བཞིན་པའི་ཚོར་སྣང་གསལ་པོ་ཡོང་གི་ཡོད། འདེད་ཚོང་མངོན་གསལ་དོད་པོས་ཉུང་དུ་ཕྱིན་པ་དང་ཚོང་ཁང་གིས་ལམ་བཟུང་ནས་ཚོང་རྒྱག་པའི་སྣང་ཚུལ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དེ་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་འཛིན་ཅུས(གཤམ་དུ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲོང་ཁྱེར་དོ་དམ་ཅུས་ཞེས་བསྡུ་རྒྱུ)ཀྱིས་གྲོང་ཁྱེར་གྱི་རྣམ་པ་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་བ་ལས་བྱུང་བ་ཞིག་རེད།

ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ་དང་ཆབས་ཅིག ཕོ་བྲང་པོ་ཏ་ལ་དང་། གཙུག་ལག་ཁང་། དམངས་སྤྱོད་མཁའ་འགྲུལ་ཅུས་སོགས་མི་ཚོགས་སྟུག་སར་“འདེད་ཚོང”གི་སྣང་ཚུལ་ཡང་ཡང་ཐོན་པ་དང་ལྷག་པར་དུ་ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་སྣང་ཚུལ་དེ་རིགས་དེ་བས་ཚབས་ལྕི་པོ་ཡོད། རྫུན་མ་དང་སྤུས་ཞན་གྱི་མ་ན་ཧོ་དང་། གཡུ། གཟི། བྱུ་རུ་སོགས་ལས་བཟོས་པའི་རྒྱན་ཆ་འཚོང་མཁན་ཁག་གཅིག་གིས་ཡུལ་གཞན་ནས་ཡོང་བའི་ཡུལ་སྐོར་བར་ལྡིར་ཏེ། ཁོང་ཚོའི་རྗེས་དེད་ནས་ཨུ་ཚུགས་ཀྱིས་ཉོ་རུ་འཇུག་གི་ཡོད་པས། ཡུལ་སྐོར་བ་མང་པོ་ཞིག་ལ་རྙོག་དྲ་དང་སུན་སྣང་བཟོ་གི་ཡོད་ལ་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་གྲོང་ཁྱེར་གྱི་གཟུགས་བརྙན་ལའང་ཤུགས་རྐྱེན་ངན་པ་བཟོ་གི་ཡོད། དེར་བརྟེན་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲོང་ཁྱེར་དོ་དམ་ཅུས་ཕོ་བྲང་པོ་ཏ་ལ་ཁྲིམས་འཛིན་རུ་ཆེན་གྱིས་འབྲེལ་ཡོད་འགན་ནུས་སྡེ་ཚན་དང་མཉམ་དུ་འདེད་ཚོང་བཅོས་སྒྲིག་གི་ལས་དོན་རྒྱུན་མཐུད་ངང་སྤེལ་ཏེ་ཕོ་བྲང་པོ་ཏ་ལའི་ཉེ་འཁོར་གྱི་གཙོ་གནད་ས་ཁོངས་ལ་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་རེས་མོས་ངང་ལས་རེས་བྱེད་པའི་བྱ་ཐབས་སྤྱད་དེ་འདེད་ཚོང་བྱེད་མཁན་ཡོད་མེད་ཞིབ་བཤེར་ནན་པོ་བྱེད་ཀྱི་ཡོད་པ་རེད།

ཉེ་ཆར་གསར་འགོད་པས་ཕོ་བྲང་པོ་ཏ་ལའི་ཁྲིམས་འཛིན་རུ་ཆེན་གྱི་ཁྲིམས་འཛིན་མི་སྣ་དང་མཉམ་དུ་ཕོ་བྲང་པོ་ཏ་ལའི་ཉེ་འཁོར་གྱི་གཙོ་གནད་ས་ཁོངས་སུ་སྐོར་ཞིབ་བྱེད་སྐབས་མཆོད་རྟེན་དཀར་པོའི་རླངས་འཁོར་འཇོག་སའི་ཉེ་འགྲམ་དུ་འདེད་ཚོང་བ་མི་ཉུང་བ་ཞིག་ཡོད་པ་མཐོང་། འདེད་འཚོང་བས་ཁྲིམས་འཛིན་མི་སྣ་མཐོང་མ་ཐག་མགྱོགས་མྱུར་ངང་གཡོལ་བའམ་ཡང་ན་ཉེ་འགྲམ་དུ་སྐོར་བ་རྒྱག་མཁན་ཡིན་ཁུལ་བྱེད་ཀྱི་ཡོད། འདེད་འཚོང་བ་མངོན་གསལ་དོད་པོ་མེད་པ་དང་གང་སར་འགྲོ་ཡི་ཡོད་ནའང་ཁྲིམས་འཛིན་མི་སྣས་མི་ཚོགས་ཀྱི་ཁྲོད་ནས་ལམ་སེང་ངོ་ཤེས་ཀྱི་ཡོད། འོན་ཀྱང་འབྲེལ་ཡོད་དོན་ཚན་གྱི་གཏན་འབེབས་མེད་པའི་དབང་གིས་ཁྲིམས་འཛིན་མི་སྣས་ཁོ་ཚོས་ཉོ་ཚོང་བྱེད་སྐབས་གཞི་ནས་དེའི་དངོས་རྫས་བཙན་ཉར་བྱེད་ཆོག་གི་ཡོད་པ་རེད།

“འདེད་ཚོང་བ་མང་པོ་ཞིག་གིས་ཁ་ཏ་སློབ་སྟོན་བྱེད་སྐབས་ཕྱིན་ཆད་དེ་འདྲ་མི་བྱེད་པའི་ཁས་བླངས་ནའང་། ཉིན་འགའ་ཤས་སམ་ཐ་ན་སྐར་མ་ཁ་ཤས་ཡང་མ་འགོར་བར་སླར་ཡང་ཉེ་འགྲམ་དུ་འཚོང་གི་ཡོད། མི་ལ་ལས་ཐབས་ཤེས་ཡོད་རྒུ་བཏོན་ནས་ཐོབ་ཐང་ལག་ཁྱེར་གྱི་ཆ་འཕྲིན་མཁོ་འདོན་མི་བྱེད་པ་མ་ཟད། དངུལ་ཆད་ཀྱང་སྐྱེལ་གྱི་མེད”ཅེས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲོང་ཁྱེར་དོ་དམ་ཅུས་ཁྲིམས་འཛིན་རུ་ཆེན་གྱི་རུ་དཔོན་ལུའོ་ཁྲོན་གྱིས་གསར་འགོད་པར་བཤད།

ཕོ་བྲང་པོ་ཏ་ལའི་ཁྲིམས་འཛིན་རུ་ཆེན་གྱིས་ཀྱང་ཁྲིམས་འཛིན་བརྒྱུད་རིམ་ཁྲོད་འཕྲད་པའི་དཀའ་གནད་ལ་བྱེད་ཐབས་རབ་དང་རིམ་པ་སྤྱད་པ་དཔེར་ན། འགྲུལ་རྒྱུན་མང་བའི་མཆོད་རྟེན་དཀར་པོའི་རླངས་འཁོར་འཇོག་ས་དང་། ལྗོངས་གཟིགས་སྒང་། ཕོ་བྲང་པོ་ཏ་ལའི་བྱང་སྒོ། རྫོང་རྒྱབ་ཀླུ་ཁང་གི་རླངས་འཁོར་འཇོག་ས་སོགས་སུ་ཆེད་མངགས་ཁྲིམས་འཛིན་མི་སྣ་བཀོད་སྒྲིག་བྱས་ནས་དེཁུལ་དུ་་རྒྱུན་ཆད་མེད་པར་སྐོར་གཡེང་བྱེད་ཀྱི་ཡོད་པ་རེད། “ཉིན་རེའི་ཞོགས་པའི་ཆུ་ཚོད་8པ་ནས་དགོང་མོའི་ཆུ་ཚོད་11བར་ཁྲིམས་འཛིན་མི་སྣས་རེས་མོས་ལས་རེས་ལམ་ལུགས་ལག་ལེན་བསྟར་གྱི་ཡོད། ཉིན་མོ་གཙོ་བོ་འདེད་ཚོང་དང་ཁྲོམ་གཞུང་གཡས་གཡོན་གྱི་ཚོང་ཁང་གིས་ལམ་བཟུང་ནས་ཚོང་རྒྱག་པ་བཅོས་སྒྲིག་བྱ་རྒྱུ་གཙོ་བོར་འཛིན་གྱི་ཡོད། ས་རུབ་རྗེས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་མཚན་ལྗོངས་ལ་ལྟ་མཁན་ཅུང་མང་བས་གཙོ་བོ་ཉེ་འཁོར་གྱི་སྐོར་སྐྱོད་ཚོང་པ་བཅོས་སྒྲིག་བྱེད་ཀྱི་ཡོད”ཅེས་ལུའོ་ཁྲོན་གྱིས་བཤད།

འདེད་ཚོང་གི་སྣང་ཚུལ་བཀག་ཀྱང་མི་ཁོག་པའི་རྒྱུ་རྐྱེན་གཙོ་བོ་ནི་འཛད་སྤྱོད་ཀྱི་དགོས་མཁོ་ཡོད་པས་རེད། དེའི་ཐད་ལུའོ་ཁྲོན་གྱིས་རྒྱ་ཆེའི་ཡུལ་སྐོར་བར་ཚད་ལྡན་གྱི་ཚོང་ཁང་དང་བཟོ་རྩལ་ཐོན་རྫས་ཚོང་ཁང་དུ་ཡུལ་སྐོར་ཐོན་རྫས་ཉོ་དགོས་པ་མ་ཟད། གལ་སྲིད་འདེད་ཚོང་ངམ་ཡང་ན་ཨུ་ཚུགས་ཀྱིས་ཉོ་རུ་འཇུག་པའི་བྱེད་སྤྱོད་ཐོན་ཚེ་འཕྲལ་མར་110ལ་སྙན་སེང་ཞུ་དགོས་པའི་གྲོས་འགོ་བཏོན་པ་རེད། གོམ་སྟབས་རྗེས་མར་ཕོ་བྲང་པོ་ཏ་ལའི་ཁྲིམས་འཛིན་རུ་ཆེན་གྱིས་ཀྱང་མུ་མཐུད་སྐོར་ཞིབ་དང་བཅོས་སྒྲིག་བྱ་སྤྱོད་སྤེལ་ཏེ་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བར་མཛེས་སྡུག་ལྡན་པའི་གྲོང་ཁྱེར་གྱི་འཚོ་བའི་ཁོར་ཡུག་གཏོད་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།