ལྷ་ས་གྲོང་ཁྱེར་གྱིས་ཤེས་བྱའི་བདག་དབང་ལ་བཙན་གནོད་བྱེད་པའི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འདི་ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཤེས་བྱའི་བདག་དབང་སྲུང་སྐྱོང་བྱེད་སྟངས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ་དང་ཤེས་བྱའི་བདག་དབང་གི་མཐུན་སྦྱོར་སྲུང་སྐྱོང་དྲ་བ་འཐུས་སྒོ་ཚང་དུ་བཏང་སྟེ“ལྕགས་ཀྱི་ཁུ་ཚུར”དང་། “གནམ་སྔོན”སོགས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་ནས་རྫུན་ལྷད་ཞན་གསུམ་དང་། ཚོང་རྟགས་ལ་བཙན་གནོད་བྱེད་པ། ཁེ་བེད་བདག་ཐོབ་རྫུན་བཟོ་བྱས་པ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ཡོད། མིག་སྔའི་བར། ལྷ་ས་གྲོང་ཁྱེར་དུ་ཚོང་རྟགས་ཐོ་འགོད་ནུས་ལྡན་བྱེད་ཚད་28470ཟིན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་སའི་ལྟེ་བའི་གྲོང་ཁྱེར་གྱི“གནས་རིམ་དང་པོའི”ནུས་པ་གང་ལེགས་འདོན་ཆེད། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་རང་འགུལ་ངང་བྱ་སྤྱོད་སྤེལ་ནས་ལྷ་ས་གྲོང་ཁྱེར་ཁྲིམས་འཛིན་ཅུས་དང་། ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་མཐུན་སྦྱོར་བྱས་ཏེ་ཤེས་བྱའི་བདག་དབང་གི་སྲིད་འཛིན་སྲུང་སྐྱོང་དང་། ཁྲིམས་འཛིན་སྲུང་སྐྱོང་། ཁྲུན་གཅོད་བར་འདུམ། ལས་རིགས་རང་གཅུན་བཅས་ཀྱི་སྦྲེལ་ཐག་ཧྲིལ་པོའི་མྱུར་སྒྲུབ་མཐུན་སྦྱོར་སྲུང་སྐྱོང་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ལྗོངས་ཡོངས་སུ“ལྟེ་གནས་གཉིས”སྔོན་ལ་བཙུགས་པ་སྟེ། ལྷ་ས་གྲོང་ཁྱེར་ཤེས་བྱའི་བདག་དབང་ཁྲུན་གཅོད་བར་འདུམ་ལྟེ་གནས་དང་ལྷ་ས་གྲོང་ཁྱེར་ཤེས་བྱའི་བདག་དབང་གི་ཁེ་དབང་སྲུང་སྐྱོང་རོགས་སྐྱོབ་ལྟེ་གནས་ཡིན་པས། ཐབས་ལམ་མང་པོར་བརྟེན་ནས་ཤེས་བྱའི་བདག་དབང་སྲུང་སྐྱོང་ནུས་པ་དང་ལས་ཕྱོད་ཆེ་རུ་གཏོང་གི་ཡོད། མིག་སྔའི་བར། ཤེས་བྱའི་བདག་དབང་གི་དམངས་དོན་གྱོད་གཞི་134དང་ཤེས་བྱའི་བདག་དབང་གི་ཉེས་དོན་གྱོད་གཞི་2བདག་སྤྲོད་བྱས་པ་དང་། གྱོད་གཞི་2ཁྲུན་ཐག་བཅད་ཡོད།

དེ་དང་ཆབས་ཅིག ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཤེས་བྱའི་བདག་དབང་གི་སྲིད་འཛིན་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཤེས་བྱའི་བདག་དབང་ཁྲིམས་འཛིན་གྱི“ལྕགས་ཀྱི་ཁུ་ཚུར”དང“གནམ་སྔོན”སོགས་ཀྱི་ཆེད་དོན་བྱ་སྤྱོད་ལ་བརྟེན་ནས་ཁེ་དབང་ལ་བཙན་གནོད་དང་རྫུན་ལྷད་ཐོན་མང་བའི་གཙོ་གནད་ཁྲོམ་ར་དང་། གཙོ་གནད་ཁྱབ་ཁོངས། མི་དམངས་མང་ཚོགས་ཀྱི་བདེ་ཐང་ངམ་བདེ་འཇགས་དང་འབྲེལ་བ་ཡོད་པའི་གཙོ་གནད་ཚོང་ཟོག་ལ་དམིགས་ཏེ་ཆེད་དོན་ཁྲིམས་འཛིན་བྱས་པ་དང་། རྫུན་ལྷད་ཞན་གསུམ་དང་། ཚོང་རྟགས་ལ་བཙན་གནོད་བྱེད་པ། ཁེ་བེད་བདག་ཐོབ་རྫུན་བཟོ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་སྟེ། སྲིད་འཛིན་ཆད་གཅོད་ཀྱི་གྱོད་གཞི་26བདག་སྤྲོད་བྱས་པར་གྱོད་འབྲེལ་དངུལ་སྒོར་ཁྲི་32.55ཟིན་པ་དང་སྒོར་ཁྲི་30.98ཉེས་ཆད་དང་གཞུང་བཞེས་བཏང་ཡོད།

མིག་སྔར། ལྷ་ས་གྲོང་ཁྱེར་གྱི་ཤེས་བྱའི་བདག་དབང་ལ་ཡོངས་ཁྱབ་ཏུ“ཐོ་འགོད་ལ་མཐོང་ཆེན་དང་བེད་སྤྱོད་ལ་སྣང་ཆུང”བྱེད་པ་དང་། རེ་འདུན་ཞུ་བའི་དུས་རིམ་གྱི་རོགས་དངུལ་དང་བྱ་དགའ་སོགས་རྐང་བཙུགས་ནས་དོན་གཉེར་བྱེད་པའི་གནད་དོན་ལ་དམིགས་ཏེ། ལྷ་ས་གྲོང་ཁྱེར་གྱི་ཁེ་ལས་ཀྱི་ཤེས་བྱའི་བདག་དབང་བེད་སྤྱོད་བྱེད་པའི་ནུས་པ་ཆེ་རུ་གཏོང་བར་ཁྲིད་སྟོན་ཧུར་ཐག་བྱས་ནས། ཤེས་བྱའི་བདག་དབང་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་བ་དང་ལྷ་ས་གྲོང་ཁྱེར་གྱི་ཤེས་བྱའི་བདག་དབང་གི་གྲངས་འབོར་དོན་གཉེར་བྱེད་པ་ནས་སྤུས་ཚད་མཐོ་རུ་གཏོང་བའི་བར་འགྱུར་ལྡོག་འགྲོ་བར་རིམ་བཞིན་སྐུལ་འདེད་གཏོང་ཆེད། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་སྔ་རྗེས་སུ་གྲོང་ཁྱེར་ཡོངས་ཀྱི་ཤེས་བྱའི་བདག་དབང་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་2གཉེར་བ་དང་དེའི་དམིགས་ཡུལ་ནི་ཁེ་ལས་ཀྱིས་ཤེས་བྱའི་བདག་དབང་སྤྱད་དེ་ཁྲོམ་ར་རྒྱ་ཆེར་གཏོང་བའི་ནུས་པ་ཆེ་རུ་གཏོང་རྒྱུ་དེ་རེད།

གཞན་ཡང་། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཤེས་བྱའི་བདག་དབང་སྲུང་སྐྱོང་གི་རྣམ་པ་ལེགས་པོ་ཧུར་ཐག་བཏོད་དེ“དེབ་བཞི་དང་ལྔ་སྐྱོད”མཛུབ་ཁྲིད་ལམ་ལུགས་ཁྱབ་གདལ་བཏང་སྟེ་སྔ་རྗེས་སུ་སྲིད་འཛིན་མཛུབ་ཁྲིད་ཐེངས་30ལྷག་ཙམ་བྱས་པ་དང་། ཡིག་ཆ་20སྤྲད་པ། ཁེ་ལས་སུ་ཐེངས་7བསྐྱོད་པ་དང་ཁྲོམ་རར་ཐེངས་3བསྐྱོད་པ། དྲིལ་བསྒྲགས་དཔྱད་ཡིག་སྣ་ཚོགས་1000ལྷག་ཙམ་སྤྲད་ཡོད་པ་རེད།

མིག་སྔའི་བར། གྲོང་ཁྱེར་ཡོངས་སུ་ཚོང་རྟགས་ཐོ་འགོད་ནུས་ལྡན་བྱེད་ཚད་28470ཟིན་པ་དང་2021ལོར་ཚོང་རྟགས་ཐོ་འགོད་ནུས་ལྡན་བྱེད་ཚད་4630མང་དུ་ཕྱིན་པ་དེ་དུས་མཚུངས་ལས་28%འཕར་བ་དང་། གྲོང་ཁྱེར་ཡོངས་ཀྱི་གྲགས་ཅན་ཚོང་རྟགས་16ཟིན་པ། རྒྱལ་སྤྱིའི་ཚོང་རྟགས་ཐོ་འགོད་19ཟིན་པ། ས་ཁམས་མཚོན་རྟགས་ཀྱི་ར་སྤྲོད་ཚོང་རྟགས་21ཡོད་པ། ས་ཁམས་མཚོན་རྟགས་སྲུང་སྐྱོང་ཐོན་རྫས་6ཡོད་པ། ནུས་ལྡན་གྱི་ཁེ་བེད་བདག་ཐོབ་5705དང་ནུས་ལྡན་གྱི་ཁེ་བེད་བདག་ཐོབ་393མང་དུ་ཕྱིན་ནས་དུས་མཚུངས་ལས་10%འཕར་ཡོད་པ་རེད། “ལྷ་སའི་ཞོ”དང་།“སྙེ་མོའི་བོད་བྱ”“གཟི་ཕུག་གི་གཡག”སོགས་ས་ཁམས་མཚོན་རྟགས་ཀྱི་ར་སྤྲོད་ཚོང་རྟགས་རབ་དང་རིམ་པ་བཏོད་པ་དེ་ཤིང་འབྲས་དང་། སྔོ་ཚལ། སྤོས། ཁྱིམ་བྱ། ཞིང་ལས་ཐོན་རྫས་སོགས་སྣ་ཁ་མང་པོར་ཁྱབ་ཡོད་པ་དང་། གྲངས་འབོར་མང་ལ་སྤུས་ཚད་ལེགས་པའི་སྤུས་རྟགས་ཚོགས་ཤིག་ཆགས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།