ཞིང་ལས་དངུལ་ཁང་གིས་དམངས་འཚོར་ཕན་པ་བཏགས་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དངུལ་རྩའི་ཞབས་ཞུས་དམངས་སེམས་དྲོས། གྲོང་གསེབ་དར་རྒྱས་ལེའུ་གསར་བརྩམས། མི་དམངས་དངུལ་ཁང་ནག་ཆུ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གི་ཁྲིད་སྟོན་འོག ཉེ་བའི་ལོ་ཤས་རིང་ཞིང་ལས་དངུལ་ཁང་གསེར་རྙེད་ཆུས་ཉིང་ལག་དངུལ་ཁང་གིས་བྱས་རྗེས་ཧུར་ཐག་བཞག་སྟེ། ཞིང་འབྲོག་མང་ཚོགས་ལ་ཕྱོགས་ནས་དངུལ་རྩའི་ཞབས་ཞུའི་བྱ་ཐབས་ཁག་བཏོན་པ་དང། ལྷག་དོན་དུ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་དམིགས་ནས་དབུལ་སྐྱོར་གྲངས་ཉུང་ཡིད་རྟོན་དངུལ་བུན་གཏོང་བ་དང་། ཐོན་སྐྱེད་གཉེར་སྐྱོང་གི་མ་དངུལ་མཁོ་འདོན། ཐོན་ལས་རྣམ་གྲངས་འཕེལ་རྒྱས་ལ་སྐུལ་མ་གཏོང་བ། “གསེར་བྱང”དང“ཕ་ལམ་བྱང་བུ”སོགས་ཡིད་རྟོན་དངུལ་བུན་གྱི་མ་དངུལ་རོགས་སྐྱོར་བཅས་ལ་བརྟེན་ནས་ཐོན་སྐྱེད་ཀྱི་གཞི་ཁྱོན་ཆེ་རུ་བཏང་བ་དང་། ནུས་ཤུགས་ཡོད་རྒུས་གྲངས་ཉུང་ཡིད་རྟོན་དངུལ་བུན་གཏོང་བའི་ལས་དོན་སྤེལ་ཏེ“ཞིང་ལས་དངུལ་ཁང་གིས་སྟོབས་ཤུགས”ཧུར་ཐག་བཏོན་ཡོད་པ་རེད།

གསེར་རྙེད་ཆུས་རྟ་ཆེན་ཤང་དུ“དྭངས་གཙང་ཆུ་དགའ”བོད་ཟས་ཟ་ཁང་གི་སྦྱིན་བདག་འཕྲིན་ལས་ཀྱིས་མགྲོན་པོར་སེམས་རྩ་འཁོལ་པོས་སྣེ་ལེན་ཞུ་བཞིན་ཡོད་པ་དང་ཁོང་གི་བཟའ་ཟླས་ཐབ་ཚང་དུ་ཁ་ལག་བཟོ་བཞིན་ཡོད། ད་ལྟ་ཁོ་གཉིས་ཀྱི་ཟ་ཁང་ཚོང་ཡག་པོ་ཡོད། ལོ་ཁ་ཤས་གོང་འཕྲིན་ལས་ཁྱིམ་གྱི་འཚོ་བར་དཀའ་ངལ་ཧ་ཅང་ཆེན་པོ་ཕྲད་ཅིང་སྐབས་དེར་འཕྲིན་ལས་ཀྱིས་ཤང་གི་ལས་བྱེད་པ་དང་ཞིང་ལས་དངུལ་ཁང་འཁོར་མང་ཤང་ལས་གཉེར་ཁང་གི་ལས་དོན་མི་སྣའི་ས་ནས་གནད་སྨིན་དབུལ་སྐྱོར་གྱི་སྲིད་ཇུས་དེ་ཐོས་རྗེས་སེམས་ལ་རེ་བས་ཁེངས་ནས་རང་ཉིད་ཀྱིས་བྱ་གཞག་ཅིག་གཏོད་པའི་བསམ་བློ་འཁོར། མ་དངུལ་དཀོན་པའི་གནས་ཚུལ་ལ་དམིགས་ཏེ་འཕྲིན་ལས་བཟའ་ཚོ་གཉིས་པོས་ཞིང་ལས་དངུལ་ཁང་འཁོར་མང་ཤང་ལས་གཉེར་ཁང་གི་ལས་དོན་མི་སྣའི་རོགས་རམ་འོག་གནད་སྨིན་དབུལ་སྐྱོར་གྱི་གྲངས་ཉུང་དངུལ་བུན་སྒོར་ཁྲི་3གཡར་བའི་རེ་འདུན་ཞུས། མཐར་ཁོ་གཉིས་ཀྱིས་ལག་གཉིས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པ་རེད། ད་ཆ་འཕྲིན་ལས་ཀྱིས“གསེར་བྱང”དངུལ་བུན་སྒོར་ཁྲི་15གཡར་ཆོག་པ་མ་ཟད། ད་དུང་སྒོར་ཁྲི་30ནང་ཚུན་དུ་གཏའ་འཇོག་དང་ཁག་ཐེག་མི་དགོས་པའི“ཕ་ལམ་སྐར་གསུམ”གྱི་ཡིད་རྟོན་དངུལ་བུན་གཡར་ཆོག་པའི་དུད་ཚང་དུ་འགྱུར་བའི་རེ་བ་བྱེད།

འཕྲིན་ལས་ལ་དུས་རྒྱུན་ཟ་ཁང་གཉེར་བ་ཕུད། ད་དུང་ལས་འགན་གཞན་ཞིག་ཡོད་པ་ནི་དངུལ་རྩའི་ལས་སྒོ་གཉེར་མཁན་གྱི་གྲོང་མིར་ཞབས་འདེཌ་ཞུ་གི་ཡོད། རྟ་ཆེན་ཤང་གི“ཞིང་གསུམ”དངུལ་རྩའི་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་ཁོང་གི་ཁྱིམ་དུ་བཙུགས་ཡོད་པས། མི་སེར་ཚོས་གྲོང་ཚོ་ནས་ཐོན་མི་དགོས་པར་སྟབས་བདེའི་དངུལ་རྩའི་ཞབས་འདེགས་ལོངས་སྤྱོད་ཐུབ་ཀྱི་ཡོད།

ནག་ཆུར་འཕྲིན་ལས་བཟའ་ཚོ་གཉིས་དང་འདྲ་བའི་ཁྱིམ་ཚང་མང་པོ་ཡོད་པ་དང་ཁོ་ཚོས་ཞིང་ལས་དངུལ་ཁང་གི་ཞིང་དུད་ཀྱི་དངུལ་བུན་བརྒྱུད་ཕྱུགས་ཟོག་དང་། ཐོན་སྐྱེད་རྒྱུ་ཆ། སྐྱེལ་འདྲེན་རླངས་འཁོར་སོགས་ཉོས་ནས་ཕྱུག་འགྱུར་གྱི་ལམ་དུ་རིམ་གྱིས་སྐྱོད་བཞིན་མཆིས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།