དམངས་འཚོའི་འགན་འཁྲི་དང་དུ་ལེན། བདེ་སྐྱིད་འཚོ་བ་དོན་གཉེར་བྱེད།

—— ཉེ་བའི་ལོ་ཤས་རིང་ལྷོ་ཁ་གྲོང་ཁྱེར་གྱི་དམངས་འཚོ་འགན་སྲུང་དང་ལེགས་གཏོང་གི་ལས་དོན་སྐོར་གྱི་སྒྲིལ་གླེང་།

ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། དམངས་འཚོའི་བདེ་རྩ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། སློབ་གསོ་དང་། སྨན་བཅོས། ལས་ཞུགས་སོགས་ཀྱི་དམངས་འཚོའི་དོན་དངོས་སེམས་ནུས་ཡོད་རྒུས་ཡག་པོ་སྒྲུབ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།

སློབ་གསོ་སྟོབས་ཆེའི་ལམ་བུར་བསྐྱོད། འཕེལ་རྒྱས་སྟོབས་ཤུགས་གཅིག་ཏུ་བསྒྲིལ།

སློབ་གསོ་ནི་དམངས་འཚོའི་དོན་ཆེན་ཞིག་རེད། ལྷོ་ཁ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་འཐབ་ཇུས་ཀྱི་གནས་བབ་ཐོག་བཞག་སྟེ་སློབ་གསོའི་བྱ་གཞག་ལ་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་ཞིང་། 2016ལོ་ཚུན་རིམ་རྩིས་བྱས་ན། ནོར་སྲིད་རང་བཞིན་གྱི་སློབ་གསོའི་འགྲོ་གྲོན་སྒོར་དུང་ཕྱུར་120.8དང་། ལོ་15ཡི་རིང་སློབ་ཡོན་མི་དགོས་པའི་སློབ་གསོའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་2.33 “འགན་ལེན་གསུམ”གྱི་འགྲོ་གྲོན་སྒོར་དུང་ཕྱུར་9.55བཅས་བཏང་སྟེ། སློབ་གསོའི་རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་། རིམ་ཁག་དང་རིགས་ཁག་གི་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ལེགས་སུ་ཧུར་ཐག་བཏང་ནས། སློབ་གསོའི་བྱ་གཞག་འཕེལ་རྒྱས་མྱུར་པོ་འགྲོ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།

“ཁྱིམ་གྱི་སྒོ་འགྲམ་དུ་སློབ་གྲྭ་ཡོད་པ་དང་སློབ་ཁང་ནང་སྒྲིག་ཆས་ཆ་ཚང་བས་དངོས་གནས་བདེ་སྐྱིད་ལྡན་པ་ཞིག་རེད། སློབ་གྲྭ་ཆེ་མོ་བའི་རོགས་དངུལ་སྲིད་ཇུས་ཀྱི་ཕན་པ་ལས་ངའི་བུ་མོ་ཡང་སློབ་ཆེན་འགྲིམས་པའི་ཕུགས་འདུན་མངོན་འགྱུར་བྱུང་སོང”ཞེས་མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་བྲག་རྩ་གྲོང་ཚོའི་ཡུལ་མི་པད་མ་ལྷག་སྒྲོན་གྱིས་དགའ་ཚོར་ཆེན་པོས་བརྗོད།

རྨང་གཞིའི་སློབ་གསོ་འཕེལ་རྒྱས་གཏོང་བར་སྐུལ་འདེད་དང་། འཐུས་སྒོ་ཚང་བའི་རྨང་གཞིའི་སློབ་གསོའི་མ་ལག་སྐྲུན་པ། སློབ་གསོའི་ཐེག་ནུས་དང་སློབ་གཉེར་གཞི་ཁྱོན་ཆེ་རུ་གཏོང་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་སློབ་གསོར་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་ནས། གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པ་དང་། མཐོ་རིམ་སློབ་འབྲིང་གསུམ་པ། ཆ་ཚང་སློབ་འབྲིང་། བུ་བཅོལ་ཁང་གཉིས་པ། བུ་བཅོལ་ཁང་གསུམ་པ་སོགས་ཀྱི་རྣམ་གྲངས་གལ་ཆེན་ཁག་དང་པོ་སྔ་རྗེས་སུ་བསྐྲུན་ཡོད། མིག་སྔའི་བར། གྲོང་ཁྱེར་ཡོངས་སུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་415ཡོད་པ་དེ་2015ལོ་ལས་སློབ་གྲྭ་122མང་དུ་ཕྱིན་ཡོད།

མིག་སྔའི་བར། ལྷོ་ཁ་གྲོང་ཁྱེར་གྱི་སློབ་ཞུགས་གོང་གི་སློབ་གསོ་དང་ན་འདྲེས་སློབ་མ་སློབ་གྲྭར་ཞུགས་ཚད་དང་། སློབ་ཆུང་དུས་མཚམས་ཀྱི་ན་འདྲེས་སློབ་མ་སློབ་གྲྭར་ཞུགས་ཚད། དམའ་རིམ་སློབ་འབྲིང་གི་ན་འདྲེས་སློབ་མ་སློབ་གྲྭར་ཞུགས་ཚད། མཐོ་རིམ་སློབ་འབྲིང་གི་ན་འདྲེས་སློབ་མ་སློབ་གྲྭར་ཞུགས་ཚད་བཅས་91.3%དང་། 100% 102.45% 96.5%བཅས་སོ་སོར་ཟིན་པ་དང་། ཆེད་འགན་འཁུར་བའི་དགེ་རྒན་གྱི་སློབ་རྒྱུས་ཚད་ལོན་ཚད་99%ཟིན་ཡོད། 2016ལོ་ནས་2020ལོའི་བར། གྲོང་ཁྱེར་ཡོངས་ཀྱིས་སློབ་གྲྭ་ཆེ་མོ་བའི་མ་དངུལ་རོགས་སྐྱོར་སྒོར་དུང་ཕྱུར་2.88དོན་འཁྱོལ་བྱས་ནས་སློབ་གྲྭ་ཆེ་མོ་བ་མི་ཐེངས་41184ལ་རོགས་དངུལ་སྤྲད་ཡོད།

སྨན་བཅོས་ཞབས་ཞུ་ལེགས་སུ་བཏང་། བདེ་ཐང་སྲུང་སྐྱོང་ཡག་པོ་བྱས།

སྨན་བཅོས་འཕྲོད་བསྟེན་ནི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་འབྲེལ་བ་ཡོད། ཉེ་བའི་ལོ་ལྔའི་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་སྨན་བཅོས་སྒྲིག་གཞིའི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་ནུས་ཤུགས་ཡོད་རྒུས་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་པའི་འཕྲོད་བསྟེན་གྱི་ཞབས་ཞུའི་སྤུས་ཚད་ལེགས་སུ་ཤུགས་ཆེན་གཏོང་བ། རིམ་མང་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཐད་ཀྱི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་བ་བཅས་བྱས་ནས། ནད་ཆུང་གྲོང་ཚོར་བཅོས་པ་དང་། རྒྱུན་མཐོང་ནད་གཞི་ཤང་དུ་བཅོས་པ། ནད་ཆེན་རྫོང་དུ་བཅོས་པ་བཅས་རིམ་གྱིས་མངོན་འགྱུར་ཐུབ་སྟེ་གཞི་རྩའི་སྨན་བཅོས་ཁྱོན་ཡོངས་ལ་ཁྱབ་ཡོད།

མང་ཚོགས་ཀྱི“ནད་གཞི་བསྟེན་དཀའ་བའི”གནད་དོན་རྒྱུན་མཐུད་ངང་ཐག་གཅོད་ཡག་པོ་བྱ་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་ཤུགས་རྒྱག་ས་གནད་དུ་འཁེལ་བའི་ངང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམངས་སྲིད་སྨན་བཅོས་རོགས་སྐྱོབ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་བྱེད་ཐབས་གསར་པའི་སྨན་རིན་རྩིས་ཞུའི“གཅིག་འཐུས་རྣམ་པའི”འཕྲལ་དུ་རྩིས་རྒྱག་མངོན་གྱུར་བྱུང་བ་དང་། ཞིང་འབྲོག་ཁུལ་གྱི་སྨན་བཅོས་མཉམ་ལས་ཀྱི“གཱ་གཅིག་ཀུན་འཐུས”འཐུས་སྒོ་ཚང་དུ་བཏང་ནས། རྫོང(ཆུས)སྨན་ཁང་ཁག་ལ་HISམ་ལག་བསྐྲུན་པའི་བསྡུར་ཚད་100%ཟིན་ཡོད། “དྲ་སྦྲེལ+སྨན་བཅོས”ཀྱི་བྱ་སྤྱོད་ལག་བསྟར་བྱས་ནས། “གཅིག་འཐུས་རྣམ་པའི”སྨན་བཅོས་དམངས་ཕན་ཞབས་ཞུའི་ལས་སྟེགས་བསྐྲུན་ཏེ་ལས་སྟེགས་ཀྱི་དྲ་ཚུགས་དང་། ལག་ཐོགས་ཁ་པར་གྱི་APP སྐད་འཕྲིན་སྤྱི་རྟགས་སོགས་བརྒྱུད་སྔོན་མངགས་དང་ཨང་ཀི་བཀག་པའི་ཞབས་ཞུ་མངོན་འགྱུར་བྱུང་ཡོད། གྲོང་ཁྱེར་སྨན་རྩིས་ཁང་དང་། གྲོང་ཁྱེར་མ་བུ་འཕྲོད་སྦྱོར་སྨན་ཁང་དང་། དེ་བཞིན་རྫོང(ཆུས)འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་12དང་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་82བཅས་ལ་ཆ་འཕྲིན་ཅན་བསྐྲུན་རྒྱུ་ལག་བསྟར་བྱས་ཡོད།

ཉེ་བའི་ལོ་ལྔའི་རིང་། ལྷོ་ཁ་གྲོང་ཁྱེར་གྱི་འཕྲོད་བསྟེན་བདེ་ཐང་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ཞིང་། གྲོང་ཁྱེར་མི་དམངས་སྨན་ཁང་གིས“ཀ་པ་རིམ་པ་གསུམ་པའི”ཕྱོགས་བསྡུས་སྨན་ཁང་བདེ་བླག་ངང་བསྐྲུན་པ་དང་། གྲོང་ཁྱེར་སྨན་རྩིས་ཁང་གིས“ཀ་པ་རིམ་པ་གསུམ་པའི་མི་རིགས”སྨན་ཁང་བདེ་བླག་ངང་བསྐྲུན་པ། གྲོང་ཁྱེར་མ་བུ་འཕྲོད་སྦྱོར་སྨན་ཁང་གིས“ཀ་པ་རིམ་པ་གཉིས་པའི་ཆེད་ལས་ཚན་ཁག”གི་སྨན་ཁང་བདེ་བླག་ངང་བསྐྲུན་པ། ལྷོ་བྲག་དང་། ལྷུན་རྩེ། གྲ་ནང་། རྒྱ་ཚ། གོང་དཀར་བཅས་རྫོང་ལྔའི་མི་དམངས་སྨན་ཁང་གིས“ཀ་པ་རིམ་པ་གཉིས་པའི”སྨན་ཁང་བདེ་བླག་ངང་བསྐྲུན་པ་བཅས་ལས་སྤྱི་ཡོངས་ཀྱི་སྨན་བཅོས་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ཡོད།

ལས་ཞུགས་སྦྲེལ་ཟམ་ཧུར་ཐག་བཏོད། ལས་ཞུགས་ཕུགས་འདུན་མངོན་འགྱུར་བྱུང་།

ད་ཕན་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་དེ་དམངས་འཚོ་འགན་སྲུང་དང་ལེགས་གཏོང་གི་དོན་ཆེན་ཨང་དང་པོར་བརྩིས་ནས། སྲིད་ཇུས་དོན་འཁྱོལ་དང་མ་ལག་འཐུས་ཚང་གཉིས་གལ་ཆེ་མཉམ་འཛིན་དང་ལས་ཞུགས་འཕར་བ་དང་ལས་ཞུགས་བརྟན་པོ་གཉིས་གལ་ཆེ་མཉམ་འཇོག་མཐའ་འཁྱོངས་བྱེད་པ་དང། ལས་ཞུགས་ཀྱི་གཞི་ཁྱོན་ཆེ་རུ་དང་སྤུས་ཚད་ལེགས་སུ་བཏང་ནས་དམངས་འཚོའི་རྨང་གཞི་བརྟན་དུ་ཏན་ཏིག་བཏང་ཡོད།

ཉེ་བའི་ལོ་ལྔའི་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་མཐོ་སློབ་སློབ་ཐོན་སློབ་མར་ལས་གནས་44129གསར་སྤེལ་དང་། བོད་སྐྱོར་ལས་གནས་3612གསར་སྤེལ་བྱས་པས་གྲོང་ཁྱེར་ཡོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་90%ཡན་ཟིན་ཡོད།

དེ་དང་ཆབས་ཅིག ངལ་རྩོལ་ནུས་ཤུགས་ལྷག་མ་སླར་ཡང་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་གཏོང་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་སྔ་རྗེས་སུ་གསོ་སྦྱོང་མ་དངུལ་སྒོར་ཁྲི་11917.122བཏང་ནས། གསོ་སྦྱོང་འཛིན་གྲྭ་སྣ་མང་དུས་ཐེངས་1109གཉེར་ནས་རིགས་ཁག་གི་མི་སྣ་49879ལ་གསོ་སྦྱོང་བྱས་ཡོད། ཉེ་བའི་ལོ་ལྔའི་རིང་། ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་25755གསར་དུ་ལས་ཞུགས་ཐུབ་པ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཤོར་ཐོ་འགོད་བྱེད་ཚད་2.1%ནང་ཚུན་དུ་ཚོད་འཛིན་ཐུབ་པ་དང་། ལས་གནས་63937གསར་སྤེལ་བྱས་ཡོད། རིམ་རྩིས་བྱས་ན། “ལས་ཞུགས་མེད་པའི”ཁྱིམ་ཚང་728ལ་ལས་གནས་མཁོ་འདོན་བྱས་ཏེ། ལས་ཞུགས་མེད་པའི་ཁྱིམ་ཚང་གཅིག་ཀྱང་མི་ལྷག་པ་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།